R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༦༠
[A:༣༦༠]ཕེབས། གཟིམས་ཆུང་དུ་གསོལ་ཇ་ཞིག་ལ་ཤོག་གསུང་བ་བྱུང་དུས། བདག་བྱ་བྲལ་བས་ཀྱང་སྤོབས་པ་བསྐྱེད་ནས། སྐུ་གཤེགས་དེ་རང་གི་དགོངས་གཏད་ཀྱང་ཆེ་བ་འདུག་པ་དང༌། ལྷ་ཆེན་གྱི་རབ་གནས་དེ་ཞག་རེ་གཉིས་ཙམ་མིན་པ་ཞེ་དགུའི་ཐོག་ཏུ་འགྲིག་པོ་ཡོང་བ་འདུག་པས། མཆོད་ཡོན་ཐུགས་རྩོལ་ཆེ་དགོས་ཞུས་པས། གོང་ན་བཞུགས་པ་ཐམས་ཅད་ཀྱི་དགོངས་པར་ཆུད་དེ་སྡེ་པའི་དྲུང་ནས་གསེར་གསོལ་དང་རབ་གནས་ཀྱི་ཐུགས་གྲབས་འགྲུས་པ། དྲུང་ནས་སྤྲུལ་སྐུ་བས་སེང་ཁྲིའི་དབུས་སུ་ལྷ་ཆེན་གྱི་རུས་ཤིང་ལ་ཞལ་བཀོད་དང༌། ནང་གཞུག་གི་ཤིང་ཆའི་སྒྲིག་ཚོམས། ཞལ་གསེར་རྩེ་ཞོའི་སྲང་གང་ཡོད་པ་བཟབས་འབུལ། མཛོད་སྤུའི་འཁྱིལ་རིས་ལ་མུ་ཏིག་གི་རྒྱན་རྣམས་ལ་ནམ་དུས་ཀྱིས་ཀྱང་གཏུགས་པས་ཐུགས་རྩོལ་བསྐྱེད། ལྷ་ཆེན་གྱི་འཁྲིས་ཁའི་གྲབས་ཤོམས་ཞལ་བཀོད་ཤིང་བཟོ་བ་དང་བལ་པོ་རྣམས་ལ་རིམ་ཅན་གནང་བ་དང་བསྟུན་པའི་བལ་པོས་ཀྱང་གསེར་གསོལ་མགྱོགས་པར་བྱས་རུང་གསེར་མདངས་ལྷག་པར་བཟང་བ་བྱུང༌། གཟུངས་དང་གསུང་རབ་ཀྱི་གླེགས་བམ། སྔོན་བྱོན་གྱི་གྲུབ་བརྙེས་མང་པོའི་ཕྱག་ནས་བཞུགས་པའི་སྐུ་གསུང་ཐུགས་རྟེན་སྐུ་ཚད་འཚམ་པ་རྣམས་དང༌། སངས་རྒྱས་ཀྱི་འཕེལ་གདུང་བྱུང་ཁུངས་ཅན་མང་པོ། དགྲ་བཅོམ་པ་དང་རང་རྒྱལ་གྱི་རིང་བསྲེལ། རྒྱ་བོད་ཀྱི་པཎ་གྲུབ་གོང་མ་ཇི་སྙེད་པའི་རིང་བསྲེལ་རྣམ་པ་གསུམ་སོགས་ནང་བཞུགས་མང་པོའི་བཅས་རྣམས་རྗེ་དཔོན་སློབ་ཀྱིས་ཁོར་མར་མཛད། ཁྱད་པར་གནོད་སྦྱིན་མཉེས་པར་བྱེད་པའི་འཁོར་ལོའི་བསྒྲུབ་ཆོག་ལ། ཀླུ་ཁང་རྩེའི་