[A:༣༦༡]དབེན་གནས་སུ་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཁྱབ་པར་ལྷ་རྫས་གསེར་བཙོ་མ་ལྟ་བུ་ཤ་སྟག་གི་གནམ་རྒྱན་དང་ཁོར་ཡུག་ཏུ་ལྡ་ལྡི་བྲེས། འབྲུ་བཟང་པོས་གང་བའི་སྣོད་སྟེགས་བུར་འོས་པ་ལ། མཆོད་ཁེབས་གསེར་གྱི་མདོག་ཅན་བཀབ་པའི་སྟེང་དུ་སྔ་གོང་ནས་ཀྱི་གནོད་སྦྱིན་འཁོར་ལོ་ན་བཟའ་དང་སྐུ་ཆིངས་སོགས་ཀྱི་བཅའ་གཞི་ལེགས་པར་བསྒྲིགས་པ། མཆོད་གཏོར་བཟང་པོ་དང་ནོར་བུའི་གཞོང་པ། ས་ལེ་སྦྲམ་དང༌། སིལ་མའི་གསེར་གྱི་ཐུམ་བུ། དངུལ་གྱི་ཕ་གུ་ལ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྱུར་བུར་གང་བ། བྱུ་རུ་དང་སྤུར་ལེན་གྱི་དོ་ཤལ། མུ་ཏིག་གི་ཆུན་པོ་འཕྱང་ཞིང་བྲེས་པས་བརྒྱན། ཇ་གོས་དར་མང་པོ་བརྩེགས། དཀར་གསུམ་མངར་གསུམ་གྱི་ཟས་སྣ་བཟང་པོ། སྨན་སྣ་ཚོགས་དང་བཅས་པས་རྒྱས་པར་བཀང་སྟེ་སྒྲུབ་ཞག་བདུན་སྐུ་མཚམས་ཀྱི་བཅད་རྒྱ་དམ་པོ་ལ་བཞུགས་པའི་ངང་ནས་གནང་བ་གྲོལ་འཕྲལ། གཟའ་ཚེས་བཟང་པོ་དང་སྦྱར་རྟེན་ཆེན་གྱི་རུས་ཤིང་བཙུགས། དྲུང་གནས་སྤྲུལ་སྐུ་བས་ཞལ་བཀོད་མཛད། དཔོན་ཕུན་ཚོགས་ཕ་བུས་ཤིང་ཁྲིགས་རྣམས་བྱས།དཔོན་ཆོས་རྒྱལ་སོགས་བལ་པོ་གསུམ་གྱིས་གསེར་ཟངས་ཀྱི་ཁྲིགས་ཁ་གཟེར་སྡོམས་བྱས། དཔོན་སློབ་ནས་འདི་ལྟར་གྱིས་ཤིག་པའི་གསུང་ཁོ་ན་ལྟར། ངེད་དགེ་སློང་དང་དགེ་ཚུལ་ཁ་ཤས་ཀྱིས་ནང་གཞུག་གི་རིམ་པ་རྣམས་འཕྱུག་མེད་དུ་བཟབས་ཏེ། བཟོ་ལས་པ་དྲག་ཞན་བརྒྱད་ཙམ་གྱིས་ཉིན་མཚན་དུ་འབད་ཀྱང༌། འོལ་ཅི་ཙམ་གྱིས་མ་ཆོག་པས། ཞག་བཅུ་སྐོར་ལ་ཁྲིགས་ཁ་ལེགས་པར་ཟིན་པ་ཙམ་བྱུང་བས། སྔ་སོར་གྱི་དུས་ཐོག་ཏུ་སོང་བར་དགོངས།