R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༦༣
[A:༣༦༣]དཔོན་མཆོད་པའི་འབུལ་ཆ། དགའ་སྟོན་ཙ་རུའི་བཟའ་བ་རྒྱས་ཤོམས་དང༌། ལས་ཚན་སོ་སོའི་རྣམ་གཞག །བྱིངས་ལ་ཡོན་འགྱེད་བཟང་དུ་བཏབ་དེའི་ཚེ་སྡེ་པ་རིན་པོ་ཆེ་དངོས་གྲུབ་རྡོ་རྗེའི་དྲུང་ནས་བཞུགས་གྲལ་བཀའ་འཕྲོས་ཀྱི་ཚུལ་དུ་ངས་བསམ་པ་རྣམ་པར་དག་པའི་དགེ་རྩ་བློ་སྟོབས་དང་རྒྱུས་གང་ལྕོགས་སུ་སྤེལ་བ་འདི་གཏམ་འདོད་དང་ཚེ་འདིའི་རྐྱེན་བཟློག་ཕྱི་མ་ཡང་འཇིག་རྟེན་དུ་ལྷ་མའི་ཕུན་ཚོགས་ཐོབ་འདོད་མིན་པར། རང་གཞན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་སྨོན་ལམ་འདེབས་པ་ཡིན་གསུང། དོན་དུ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་སྤྱན་རྣམ་བཟང་པོ་མཛད་ཀྱིན་འདུག །དེ་སྐབས་ཞང་གྲོའི་འོང་བར་ལོ་མ་ལེགས་པ་ཡུན་རིང་པོ་སོང་བས། དེ་ཕྱོགས་ན་ཡོད་པ་རྣམས། ཤམ་པོའི་སོས་ཆུ་རྐ་སྨད་པ་རྣམས་ཀྱིས་འཐུང་ཆེས་པས་ལན་ཟེར་བ་ཞིག་ཡོད་པར། རྟེན་རབ་གྲུབ་པའི་སོས་ཀ་ནས། དེ་ལ་མ་ལྟོས་པར་ལོ་འགྲོས་ལེགས་ཤིང་འོངས་ཆེ་བ་རྟག་པོ་བྱུང་བས། ཐུབ་ཆེན་ཕྱོགས་དེར་ཞལ་གཟིགས་པའི་བྱིན་རླབས་སུ་ངེས་པ་རྙེད་དེ། བཀྲ་ཤིས་རྩེ་ཆ་ཞབས་ཀྱི་མི་སྡེ་རྣམས་དེ་ཡན་ལ་ཨར་པོས་ལོ་སྟར་གྱིས་བསུན་པའི་དད་པ་ལོག་གེ་བ་ཡོད་པ་དེ་ནས་དད་པ་གསལ་ཐབས་པ་ལྟར་མཆོད་མཇལ་དཀར་མེ་འབུལ་བ་མང་པོ་ཁད་ཉེ་འགྱང་ཀུན་ནས་རིམ་ཅན་དུ་བྱུང༌། རབ་གནས་དེའི་ཟླ་ནང་ཕྱི་མ་ལ་དུས་རིམ་གྱི་ཐུགས་དམ་གཏོར་ཆེན་རྣམས་གྲོལ་རྗེས། བསམ་སྡིངས་དང་ཀླུ་ཁང་རྩེ་སོགས་སུ་སྐུ་མཚམས་ཐོག་རེ་དང༌། ལུག་ལོའི་དབྱར་ངོ་ལ་གོང་དཀར་ཆོས་སྡེ་ནས་ཆོས་མཛད་རྣམ་རིག་པ་བྱོན་ནས་གཙང་ཁང་གི་གཡས་གཡོན་སྟོད་ངོས་ལ། སངས་རྒྱས་རབས་བདུན་སོགས་ཀྱི་