R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༦༤
[A:༣༦༤]ལྡེབས་བྲིས་དང་མགོན་ཁང་གི་རྟེན་ལ་ཡང་ཚོན་ཕལ་ཆེར་སྒྲོན་རུང་སླར་མགོན་ཁང་ལ་མངའ་རིས་སྤྲུལ་སྐུ་བ་མགོན་པོ་ལྷུན་གྲུབ་ཀྱི་མཚོན་རྩི་བསྐྱར་སྒྲོན་སྤྱན་འབྱེད། གསེར་རིས་རྣམས་ལ་ཕྱག་ལེན་དྭགས་ཐོན་དུ་བཟབས་པས་གཞན་ལས་ཕུལ་དུ་ཕྱིན་པ་བྱུང༌། མགོན་ཆེན་གྱི་ཚེམས་ཕྲེང་མཆེ་བ་དང་བཅས་པ་ཉ་ལྕིབས་ལས་གྲུབ་པ་སྤྲུལ་སྐུ་རི་ཕྱུར་བས་ཕུལ་བ་ཡང་ལེགས་པར་བྱུང༌། དཔལ་མགོན་བྲམ་གཟུགས་གཙོ་འཁོར། སྔ་གོང་གི་རྩེ་རེག་གི་འཚུབ་ཆ་དུ་མས་འགྱངས། མ་གྲུབ་པར་ལུས་ཡོད་པ། དེ་ལོ་སྤྲུལ་སྐུ་ཀུན་ཚེ་བས་ཕྱག་བཟོ་མཛད། མངའ་རིས་སྤྲུལ་སྐུ་བས་ཚོན་རྩི་ལེགས་པར་བཏང༌། སྤྲུལ་སྐུ་བ་རྣམས་ལ་བསྙེན་བཀུར་ཡོན་བ་རྫོངས་དང་བཅས་རེ་ཞིག་ཐེགས། གྲ་ཚང་གི་རགས་རིམ་ཕལ་ཆེར་ལ་ཀྱེ་རྡོར་གྱི་དབང་ཆ་འགའ་ཟུང་གིས་སྨིན་པར་མཛད་ནས། དབང་ཐོབ་པ་གང་ཡིན་ལ་ཀྱེ་རྡོར་མངོན་དཀྱིལ་མུས་ཆེན་གྱི་གཞུང་དང༌། རྗེ་ཚར་ཆེན་གྱི་ལྷན་ཐབས་ནོར་བུའི་འཕྲེང་བ་འཛིན་རྒྱུགས་ལ་འགྱེད་པ་གནང༌། མཛུབ་ཁྲིད་རྣམས་དྲུང་ནས་དགེ་སློང་པ་ལ་བསླབ་སྟོན་གནང་བ་བཞིན་བཟུང༌། དེ་དུས་བཟོ་ལས་པ་མང་ཧྲགས་ཀྱིས། བླ་མ་ལྷ་ཁང་གི་ཐོག་བ་ལ་ཕིགས་རྣམས་བཀལ་ཟིན་ཡོད་ཐོག་ཏུ་སྤེན་བད་ཐིགས་ཁང་ཁོར་མའི་སྟེང་དུ་རྫའི་དཀར་བད་པདྨའི་དབྱིབས་ཅན་གྱི་ཁོར་བ་ནང་གི་ཞལ་བ་དང་བཅས་པ་ཡང་གྲུབ། ལོ་གཞུག་ལ་དུས་རིམ་ཐོག་ཏུ་གྲ་ཚང་ཁྲོད་ནས་འགྲིག་གང་སོང་རྣམས་དང༌། ཕྱོགས་འདུས་ཁ་ཤས་དང་བཅས་པའི་དཔོན་སློབ་མང་རགས་ཀྱིས། བླ་མ་ལྷ་ཁང་དུ་གཏོར་བཟློག་བཟབས་པ་ཞིག་བཙུགས། བསྒུལ་བའི་ནུབ་རྩུབ་ལྷོངས་དང་ཟོར་རྣམས་ཀྱང་ཐེབས་ཆེ་བར་བྱུང་བས། དེ་ནས་ཞག་ཉི་ཤུ་ཙམ་ན་རྩེས་དང་དུ་གནས་ཚུལ་གསལ་པོ་བྱུང་བར། ཟླ་བ་ཡང་སྔ་མའི་