R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༦༥
[A:༣༦༥]ནང་དུ་མིང་གསལ་གྱི་དགེ་བཤེས་ལྟར་སྣང་ཞིག་གིས་ཕྱོགས་འཛིན་གྱི་བློས་དྲུག་ཅུ་པའི་གཏོར་མ་འཕངས་འདུག་ཅིང༌། མྱུར་བར་ཁོང་ཉིད་ལྔ་པའི་ལམ་དུ་ཞུགས་འདུག་ཟེར། དེ་མཐུན་གྱི་ས་ནས་རྩེས་དང་ཚོགས་ལ་མང་འགྱེད་མངོན་ཚན་ཆུང་ངེ་བ་ཞིག་ཀྱང་བྱུང༌། གཏོར་ཆེན་དེ་གྲོལ་ནས་གཏང་རག་གི་བསྐང་གསོ་གཏོར་གཤེགས་རྣམས་གྲུབ་མཚམས་རྗེའི་སྐུ་མདུན་ན་བདག་དང་རིག་པའི་རལ་གྲི་བ་གཉིས་པོ་ཇ་གྲལ་ཞིག་ལ་ཡོད་མུས་ནས་ཁོ་བོས་ད་ནི་ཆོས་སྡེའི་རྟེན་བཞེངས་ཀྱི་འགོས་རྣམས་ཀྱང་གྲུབ། གྲྭ་པ་ཡང་ཕྱེད་ཉིས་བརྒྱ་ཙམ་ཞིག་འདུག་པའི་ཕལ་ཆེར་ལ་གསང་སྔགས་ཀྱི་བསླབ་སྦྱངས་རྣམས་གཞི་ཐིངས་འདུག་པ་དང༌། བདག་ཅག་གཉིས་ཀྱང་ཁའུ་སྐྱེད་ལྷས་པའི་སློབ་བཤད་ལ་མོས་པའི་དད་འདུན་ཆེ་བ་རང་ཡིན་པས་གསུང་ངག་ལམ་འབྲས་སློབ་བཤད་ཅིས་ཀྱང་བཀའ་དྲིན་ཆེ་དགོས་ཞུས་པས། ཞལ་རྐྱལ་ལྟ་བུའི་གསུང་དུ། ཁྱེད་རང་རྣམ་པས་ལམ་འབྲས་གཞན་དུ་ཐོབ་འདུག་པས་དེས་ཆོག་གི་ཕེབས་པ་ལ་བདག་གི་ཉམས་ཁྲིད་ཅིག་རང་དོན་དུ་གཉེར་བས་སྒྲུབ་པའི་མཎྜལ་འབུལ་བ་ལགས་ཞུས་པས། ཨ་ཀྱང་སློབ་བཤད་ཀྱི་བཀའ་སྲོལ་འདི་ལ་ཁྲིད་ཞུ་བ་རྣམས་ཀྱི་ཐོབ་བློ་དང་ཚིག་རིས་ཀྱི་ངག་སྒྲོས་བློ་ལ་བཟུང་བ་ཙམ་གྱིས་ཆོག་ཤེས་མ་བྱས་པར། དམིགས་ཐུན་རེ་ནས་སྒོམ་ཅི་ནུས་བྱས་ན་ཉམས་མྱོང་གི་ཕན་ཐོགས་འོང་བས་རིམ་གྱིས་ཡོད་པ་བྱེད་གསུང་བ་ཕེབས། གཞན་ཡང་འདོད་ཆོས་སྣ་དུ་མའི་གསོལ་འདེབས་ཞུས་པར། ཞལ་བཞེས་གྲུབ་མྱུར་བར་ཞབས་དྲུང་དུ་ཡོང་རྒྱུ་