[A:༣༦༧]ཕང་ཕུང་གི་བསྟར་བ་དང་ལྡ་ལྡི་བྲེས། སྟག་གཟིག་གི་ཤུན་པ་སོགས་བཀྲ་ཞིང་བརྗིད་པའི་སྤྱན་གཟིགས་སྤེལ་ལེགས་སུ་བཀོད་པ་རྣམས་མཐོང་ན་འབྱོར་པས་དྲེགས་པ་རྣམས་ཀྱི་བློར་ཤོམ་དཀའ་བ་བཤམས་ཚུལ་ཐམས་ཅད་སྐབས་སུ་འཐད་ཅིང༌། ལས་དང་རྗེས་སུ་མཐུན་པར་བྱས་ཏེ་གཏོར་སྒྲུབ་བསྐང་གསོ་དང་བཅས་པ་ཡུན་རིང་དུ་གནང་བའི་མུས་ནས་མགོན་ཁང་ཆེན་མོར་ནུབ་རེ་བཞིན་གཏོར་སྒྲུབ་བསྐང་གསོའི་དགོངས་ཐུན་མ་ཆག་པ་གཏོང་བ་བཞི་སྡེ་རེ་མོས་སུ་སྤོས་ཀྱིན་མཛད་པ་དང༌། ཟླ་རེ་བཞིན་མཁའ་འགྲོ་འདུ་བའི་དུས་གཉན་ཐམས་ཅད་ལ་བསྐང་གསོ་རྒྱས་པ་རེ། ཁྱད་པར་ཉེར་དགུ་ལ་ཤིན་ཏུ་རྒྱས་པ་གནང་བའི་རྒྱུན་བཙུགས་ཏེ། དུས་གཏོར་བཟབ་རྒྱས་སུ་སྔར་བས་དགོངས་པ་བསྐྱེད། འདི་དག་ལ་སྔ་ཕྱིར་ངོ་མཚར་གྱི་ལྟས་ཆེ་ཕྲ་མང་པོ་དང༌། བར་སྐབས་སུ་ཐོག་སྟེང་མའི་རྩེར་མཚན་དུས་བམ་བསྐྱུར་གྱི་སྒྲ་འཇིགས་ཤིང་སྐྱི་གཡའ་བ་མང་དུ་བྱུང་འདུག །ལོ་དེའི་ཟླ་བ་བཞི་པའི་ཞབས་སུ་རྗེ་མཁན་ཆེན་སྐུ་མཚམས་ཤིག་ཚུགས་པའི་ཁོག་ཏུ་བདག་གིས་གསེར་ཞོ་གང་གི་མཎྜལ་དང་བཅས་གསོལ་བ་བཏབ་ངོར་དཔལ་གུར་གྱི་མགོན་པོའི་ཆོས་སྐོར་སྣ་ཁ་དུ་མ། འཕྲལ་དགོས་ཀྱི་ཞལ་ཁྲིད་ཕྲན་བུ་དང་བཅས་པ་གནང༌། དེ་སྐབས་སྙུག་ལར། ཡར་གཙང་གི་བདེ་གཟར་ཚན་ཆེ་བ་ལངས་པའི། ཡོལ་ཕུ་རི་གོང་དུ་བརླག་རྒྱག་བྱུང་འདུག་ཟེར་བའི་སྐད་ཆ་སླེབ་པ་དང༌། ཀླུ་ཁང་རྩེའི་ཕྱག་དྲུག་པའི་ལོ་གཏོར་ལ་སུས་བྱས་མི་ཐིངས་པའི་འགེལ་ཞིག་ཡོད་པ་བྱུང་བས་རྐྱེན་བྱས་དཔོན་སློབ་རྣམས་ཡས་ཕྱོགས་ཀྱི་ཉེར་གཟིགས་ལ་གློ་བུར་དུ་