[A:༢༦༢]ཆོས་པ་རང་ཞིག་ཡོང་བ་ཡོད་པས། འདི་ལ་བཙུན་པ་མགྱོགས་པོ་ཚོལ། ཞེས་ཡང་ཡང་གསུང་ཞིང་ཐར་པའི་ལམ་དུ་དབུགས་འབྱིན་པར་མཛད་དོ། །གཉིས་པ་རྒྱལ་བའི་བསྟན་པ་ལ་རྗེས་སུ་མཐུན་པར་ཞུགས་པའི་གཏམ་དུ་བྱ་བ་ནི། དགུང་ལོ་བདུན་གྱི་སྟེང་དུ་ཕེབས་པའི་ཚེ། སྔར་བཀས་བསྐུལ་བ་བཞིན། རྗེ་འཕྲིན་ལས་པའི་དྲུང་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནོད་པའི་མཚན་གཞོན་ནུ་བློ་གྲོས་ཞེས་པ་གསོལ་བར་མཛད། སྨིན་པ་གསུམ་ཤས་ཆེ་བའི་སྤྱོད་ཚུལ་རང་ཤུགས་ཀྱི་དག་ཅིང་དགེ་བས་སྐྱབས་འགྲོའི་བསླབ་བྱ་བླང་དོར་ལ་གནས་པའི་ངང་ནས་ཀློག་ཡིག་གི་སློབ་དཔོན་མཁས་པ་བསྟེན་ནས་སྦྱངས་དར་མཛད་པས། ལྗགས་ཀློག་ཀྱང་དག་ཅིང་སྙན་ལ་ཆོད་ཆེ་བ་དང༌། ཕྱག་བྲིས་ཀྱང་འབྲུ་ལེགས་ཤིང་ཀློག་བདེ་བ་ཞིག་གོ །དེ་ནས་དགུང་ལོ་བཅུ་གསུམ་བཞེས་སྐབས། ཡབ་ཡུམ་དང་ནང་སོ་རྣམ་པས་གདན་དྲངས་ཏེ། རྩེར་ཚོགས་ཁྲོད་དུ་མཁན་ཆེན་ནམ་མཁའ་བཀྲ་ཤིས་ཀྱི་དྲུང་དུ་བར་མ་རབ་བྱུང་གི་བསླབ་པ་བཞེད་ཏེ་བསྲུང་སྡོམ་དག་པའི་ཕུལ་དུ་ཕྱིན་པ་ནི་ཕྱོགས་རེ་ཙམ་གྱིས་མཚོན་ན། སྐུ་ན་ཕྲ་དུས་དེ་ནས་བཟུང་སྟེ་སྐུ་ཇི་སྲིད་འཚོ་བའི་མཐར་ཐུག་གི་བར་དུ། མྱོས་བྱེད་ཀྱི་དྲི་ཙམ་ཡང་མི་བསྟེན། གསན་སྦྱོང་གི་དུས་ན་ཡང་ཞལ་ཇི་ལྟར་སྐྱེམས་ཀྱང་སིང་པོ་ཙམ་ཡང་མི་བཞེས། དེ་བཞིན་དུ་ཕྱི་དྲོའི་ཁ་ཟས་དང༌། ན་བཟའ་ཡང་ཕུ་ཐུང་སོགས་སྦུ་གུ་ཅན་གྱི་རིགས་མི་འཆང༌། སྐུ་འཁྲིས་སུ་དགེ་སློང་དགེ་ཚུལ་ཡོད་པ་རྣམས་ལ་ཡང་བསླབ་བྱ་ཕྲ་རགས་འདི་རྣམས་ལ་ནན་ཏན་དུ་མཛད་པས་རབ་ཏུ་བྱུང་བའི་བསྟན་པའི་མིག་རྒྱན་བཟང་པོར་གྱུར་ཏོ། །ལོ་དེ་ནང་དུ་དཔལ་ལྡན་ས་སྐྱ་པའི་ཟབ་ཆོས་མཐའ་དག་གི་གསང་མཛོད། བསྟན་པའི་སྲོག་