[A:༣༧༣]ཕྱག་དཔེ་ཕུལ་ཀྱང་བེད་མི་ཆོད་པས། བདག་ཀྱང་འདི་ཀ་ལས་དོན་རིགས་གཞན་མེད་པ་དང་ཕུར་ཚུགས་མའི་ཞུ་བ་ཡིན་པས་བཀའ་ཆོས་ཀྱི་ཞལ་བཞེས་ད་ལམ་བདག་རང་ལ་ཡོད་པ་དགོས་ཤིང༌། དེ་མིན་སླར་ཡང་སྙན་བསུན་ལ་ཡོང་དགོས་པ་གཞིར་བཅས་པས། གུར་མགོན་ཕྱོགས་ཀྱི་གསན་ཡིག་ཀྱང་ཡ་གིར་སྤྱན་ལམ་དུ་འབེབས་རྒྱུ་ཡོད་པ་དགོས་ཞུས་རུང༌། གསན་ཡིག་ཀྱང་མ་གནང་ཞུ་ལན་ཀྱང་སྔ་མའི་གསུང་རིགས་དེ་ཀ་བྱུང༌། རྫོང་ནས་སྡེ་པ་རིན་པོ་ཆེ་ཁུ་དབོན་གྱིས་རྟེན་བཟང་པོ་དང་བཅས་པའི་ཞུ་ཤོག་འབུལ་བར་རྗེ་མཁན་ཆེན་རིན་པོ་ཆེ་ནས་རེ་ཞིག་ཞུ་རིགས་འདི་བཞིན་གནང་གི་འདུག །བཀའ་ཆོས་ཕར་འབུལ་ཇི་ལྟར་ཡོད་ཀྱང་ངེད་རང་སྦྱིན་བདག་གི་དད་ངོར་ཞབས་དྲུང་བདག་ཆེན་རིན་པོ་ཆེ་ནས། ཆོས་སྡེ་འདི་ལ་རབ་གནས་དང་བཀའ་ཆོས་ཀྱང་སོ་སོའི་བསམ་པ་དང་མཚུངས་པའི་གནང་ཁྱབ་ཏུ་སྐོར་ཅིག་ཅིས་ཀྱང་ཕེབས་པ་དགོས་ཞུ་བའི་བང་ཆེན་དང་བཅས་མཆོད་རམས་པ་ཞུ་འཕེན་ལ་ཐེགས། ཤབ་དགེ་སྡིངས་ཕུ་རི་བྲག་རྫོང་ན་བདག་ཆེན་ཞལ་དཀར་ལ་བཞུགས་སར་མཇལ། བཀྲ་ཤིས་རྩེའི་མཆོད་ཡོན་གྱི་ཞུ་རིགས་རྣམས་ཕུལ་ནས་ཆོས་ནི་ཡོད་ཤས་མི་ཁ་བ་འདྲ་ཞུས་འདུག །ཞག་གསུམ་ཙམ་ནས་བཀྲ་ཤིས་རྩེའི་བང་ཆེན་ཕྱིར་རྫོང་བ་གནང༌། ཞུ་ལན་དུ་བླ་མའི་བསྐུར་ཆ་དང་བཅས་པའི་བཀའ་ངག་སྔ་ཕྱི་དུ་མར་ངེད་ལ་རྡོ་རྗེ་འཆང་དུ་རྩི་བ་མཛད་ན། དེའི་ངག་བཅག་ཏུ་མི་རུང་བས་འདོད་ཆོས་རྣམས་ཡོད་པ་གནང་དགོས་ཞུ་བ་དང༌། སྡེ་པ་ལ་བདག་ཆེན་གྱི་བཀའ་ཤོག་ཏུ་ཚུད་པར་འདོད་ཆོས་རྣམས་རིན་པོ་ཆེ་ནས་