R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༧༤
[A:༣༧༤]ལྷུག་པར་གནང་བ་ཞིག་བྱུང་ན་དེར་ཅིས་ཀྱང་ཡོང༌། དེ་མིན་ཁྱེད་ཀྱི་ལག་ནས་ཞབས་ཏོག་གང་ལོན་བྱེད་པར་ཡོངས་ཀྱང་དགོས་པ་ཆུང་བས་དེའི་གོ་བ་བླངས་པའི་རིན་པོ་ཆེའི་དྲུང་དུ་སྙན་འབུལ་དང༌། འདིར་བསྲིང་འོས་རིམ་པར་བྱེད་དགོས་ཕེབས་རུང་དེ་ཐོག་ཏུ་གསལ་ཁ་མེད་པར་རེ་ཞིག་ལུས། དགུན་སྨད་རྗེ་མཁན་ཆེན་ཡོལ་ཕུ་རི་གོང་དུ་སྐུ་མཚམས་ལ་ཕེབས་བཞུགས་ཟླ་གཉིས་ཙམ་སོང་རྗེས། ལྷུན་རབ་གཡུལ་རྒྱལ་རྣམས་སུ་ཕེབས། དེ་ནས་གཞིས་ཀ་གོང་དཀར་དུ་ཞབས་དྲུང་བདག་མོས་སྤྱན་དྲངས་ཏེ་ཐོག་མར་ཞབས་དྲུང་ཁུ་དབོན་རྣམས་ཀྱིས་བཀུར་སྟི་ཆེན་པོ་དང་བཅས་པས་སྣ་ལེན་བཟང་པོ་ཚད་མེད་པ་མཛད། ཞབས་དྲུང་བདག་མོ་དོན་ཡོད་རྒྱལ་མོས་ཕུན་སུམ་ཚོགས་པའི་འབྱོར་པ་རྒྱ་མཚོས་བསྙེན་བཀུར་ཏེ་ཟླ་སྦྲེལ་དུ་མའི་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བདག་མོ་དཔོན་བློན་རགས་བསྡུས་གོང་དཀར་ཆོས་སྡེ་ནས་རབ་འབྱམས་པ་ངག་དབང་རྒྱལ་མཚན། ཆུ་ཤུར་ཕག་གདོང་ནས་ཆོས་རྗེ་གདན་ས་པ་སོགས་མང་རགས་ལ་ཀྱེ་རྡོར་རྒྱུ་དབང༌། ནི་གུ་ཆོས་དྲུག་གི་ཁྲིད། གཞན་ཡང་དབང་བཀའ་རྗེས་གནང་མང་པོ་སྤྱི་གོས་སོ་སོར་སྩལ། སླར་ཡང་རྩེ་དཔོན་བློན་གྱི་སྤྱན་འདྲེན་དང་བཅས་ཏེ་ཕེབས། ཤིང་མོ་བྱའི་ལོ་ནང་དེ་ནས་བཟུང་བཀྲ་ཤིས་ཆོས་སྡེར་གྲྭ་ཚང་བྱིངས་ལ་ཆོ་འཕྲུལ་དུས་ཆེན་གྱི་བར་མང་ཇ་སོགས་ཞབས་ཏོག་གང་ལྕོགས་དང་བཅས་སྨོན་ལམ་ཡང་ཚུགས། ཟླ་བ་བདུན་པའི་བཅོ་ལྔ་མཆོད་པ་ལ། ཉེར་སྤྱོད་བརྒྱ་ཕྲག་ཏུ་སྤེལ་བའི་མཆོད་བཀོད་རྒྱས་པ་དང་བཅས་པའི་ལམ་འབྲས་བླ་མ་མཆོད་ཆོག་གྲུབ་འཕྲལ་ཀྱེ་རྡོར་གྱིས་ཆོག་བཙུགས་