[A:༣༧༥]པའི་བསྒྲུབ་མཆོད་ཇི་སྲིད་དུ་དགོངས་རེ་བཞིན་བསྐང་གསོ་ཚར་རེ་ཡང་མི་འཆག་པའི་ག་སྲོལ་ལ་འཇུག་པ་གནང༌། དེ་སྐབས་ནོར་བུ་གླིང་ན་གོང་མ་གདུང་བརྒྱུད་རིན་པོ་ཆེ་སྐུ་མ་བདེ་བར་རྒྱ་འདྲེའི་གནོད་པ་ཚན་ཆེ་བའི་ལྟས་བྱུང་བས་བཀྲ་ཤིས་ཆོས་སྡེར་རྗེ་མཁན་ཆེན་སྤྱན་འདྲེན་བཏང༌། དེ་འཕྲལ་ལྟ་བུར་ཕེབས་ལམ་ལ་ཞུགས་དུས་ནོར་བུའི་གླིང་ཁར་ཞབས་དྲུང་གདུང་བརྒྱུད་ཀྱི་གཟིགས་སྣང་དུ་གཞིས་ཀའི་མཐའ་དམག་གིས་བསྐོར་བའི་གསེབ་ནས་བཙུན་པ་ཐལ་སྐྱ་བོངས་ཆེ་ཞིང་མི་གདུག་པ་ཞིག་སྐུ་མདུན་དུ་བྱུང་ནས་ང་ནི་ཐེགས་པ་དགའ་ཡ་གི་ན་མར་ཆོས་རྗེ་ཀུན་སྤངས་པ་དེ་ནས་རེ་ཞིག་མི་ཐོན་ཟེར་མྱུར་དུ་ཡལ་སོང༌། དེ་མ་ཐག་མཆོད་གཡོག་པ་ནོར་བུ་གླིང་དུ་འབྱོར། དེ་ནས་མྱུར་པོར་རྗེ་བླ་མ་ཡང་ཕེབས། གུར་མགོན་ཁྲོ་བཅུའི་གཏོར་དབང་གནང་བས་འཚུབས་རྣམས་ཞི། སྙུན་ཟུག་རྣམས་ཀྱང་རེ་ཞིག་འཆག་པ་བྱུང་རུང་སྐུ་ཟུངས་ཇེ་ཞན་ལ་ཟླ་ཤས་བཞུགས་ནས་བཅོས་ཁ་མ་ཐུབ་པར་སྐུ་མ་འཚོ། རྗེ་མཁན་ཆེན་ཡང་དབུ་སྔས་སུ་བསྲུང་འཁོར་ལ་ཟླ་ཕྱེད་བར་བཞུགས་ཏེ་གོང་མ་སྐུ་ཁམས་ཟོ་ཐེན་ཡོང་རེ་ནས་ཆོས་སྡེ་རང་དུ་ཕེབས། དེའི་ཚེ་ས་སྐྱ་ཞབས་དྲུང་སྐྱེད་ཚལ་དུ་རྗེ་ཆོས་འཕགས་པའི་དངུལ་གདུང་ཞལ་བཀོད་དང༌། དགོངས་རྫོགས་སྐུ་སྐལ་ལ་སྤྱན་འདྲེན་ཞུས་པར་ཕེབས་བཞུགས་ཐོག་ནས་བཀྲ་ཤིས་རྩེ་མཆོད་ཡོན་དུ་བང་ཆེན་བཀའ་ཤོག་དང་བཅས་པ་གནང་བས། བདག་ཆེན་གོང་དཀར་རྡོ་རྗེ་གདན་དུ་ཕེབས་དུས་བཀྲ་ཤིས་རྩེ་ནས་རབ་འབྱམས་པ་བློ་གྲོས་རབ་ཡངས་དང༌། གདན་འདྲེན་དུ་ཆོས་རྗེ་བཀྲས་