R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༧༦
[A:༣༧༦]རྣམ་པ་ཆེད་དུ་བརྫངས་པས་རྗེ་བླ་མས་བཀའི་བདུད་རྩི་སྩལ་ནས་ཕེབས་བཞུགས་འཆར་ངེས་ཀྱི་ཞལ་བཞེས་གྲུབ་ནས་ཕྱིར་འོངས། རབ་འབྱམས་པ་ལ་བདག་ཆེན་ནས་སྤྱིར་ཡང་ཆོས་སྣ་མང་བ་དང༌། ཁྱད་པར་མགོན་ཆེན་གྱི་ཆོས་སྐོར་རྣམས་ཐོག་མར་ཚུགས་དགོས་པའི་ཞུ་བ་བསྐྱར་ནན་དང་བཅས་རྗེ་མཁན་ཆེན་དྲུང་དུ་ཞབས་བསྐུལ་བ་གནང༌། རེ་ཞིག་བསམ་ཡས་ཕོ་བྲང་དུ་ཕེབས་བཞུགས་ནས་སྡེར་པའི་གྲུབ་རྒྱབ་ཕེབས་སྐབས་བཀྲ་ཤིས་རྩེ་ནས་མཆོད་ཡོན་ཐམས་ཅད་ཆིབས་ཧྲགས་བཟབས་བསྒྲིགས་ཀྱིས་སྒེར་པ་ནས་བསུས་ཏེ་གྲ་ཚང་གི་སེར་སྦྲེངས་ཕྱག་མཚན་བཀྲ་བ་དང་བཅས་པས་ཆོས་སྡེར་ཕེབས། ཐོག་མར་སྒོ་མང་དུ་བཞུགས་གྲལ་ཆེ་རགས་བསྒྲིག་པར་སྦྱིན་བདག་ནས་གཞིས་ལེན་དཀར་སྤྲོ་བཟབས་རྒྱས་ཐོག །དཀོན་ཁང་རབ་འབྱམས་པ་དང༌། ཁུ་སྤེ་ཀུན་སྤངས་པ་གཉིས་ཀྱིས་ལམ་འབྲས་སློབ་བཤད་དང་ཚོགས་བཤད་ཀྱི་ཁྱད་པར་ལ་ཁུངས་དང་སྦྱར་བའི་དྲི་བ་དང་ལན་འདོན་རྒྱས་པའི་འབེལ་གཏམ་མཛད། དེ་ནས་ཞབས་དྲུང་བདག་ཆེན་རིན་པོ་ཆེ་གཟིམས་ཆུང་བླ་མ་ལྷ་ཁང་དུ་བཞུགས། ཐོག་མར་རྗེ་མཁན་ཆེན་དཔོན་སློབ་ཉུང་བསྡུས་ལ་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དབང་རྒྱས་བསྡུས་བརྒྱ་ཚར་བརྟན་བཞུགས་སུ་གནང༌། སྐབས་བབས་ལ་གཟའ་སྐར་ལེགས་པ་དང་སྦྱར། བདག་ཆེན་རིན་པོ་ཆེའི་ཞབས་ཕྱིར་འཕྱོང་རྒྱས་འདུ་ཁང་མཁན་པོ། ཁུ་སྤེ་ཀུན་སྤངས་པ་རིག་རལ། སློབ་དཔོན་རབ་འབྱམས་པ་བློ་གྲོས་རབ་ཡངས། སྡེ་པ་རིན་པོ་ཆེ་དངོས་གྲུབ་རྡོ་རྗེ་ཁུ་དབོན་སོགས་གཞི་བྱེས་ཀྱི་ཕྲ་རགས་མི་ཉུང་ཧ་ཅང་མི་