[A:༣༧༧]མང་བའི་གྲར་རྡོ་རྗེ་འཆང་གཞོན་ནུའི་ཞབས་ཆོས་ཀྱི་གདན་སེང་གེའི་ཁྲི་ལ་འཁོད་ནས། དཔལ་གུར་གྱི་མགོན་པོ་ལྷ་བརྒྱད་སོགས་ཀྱི་དབང་རྣམས་དང་ཁྲོ་བཅུའི་གཏོར་དབང་སོགས་དང་རྗེས་གནང་གི་རིམ་པ་མང་པོའི་སྨིན་བྱེད་དང་བཅས་སྲུང་འཁོར་བྲག་རྫོང་མའི་ཁྲིད་རྒྱས་པར་སྩལ། དཔོན་སློབ་མཆོད་ཡོན་ཉུང་འདུས་ལ་གསང་ཁྲིད་ཞིབ་ཐེམས་སུ་གནང་ངོས་མེ་འབར་མ་སོགས་པོ་ཏི་དུ་མའི་ལུང་རྒྱུན་ཡང་མཛད། གཞན་ཡང་བཀའ་རྗེས་གནང༌། ཞལ་གདམས་ཕྲ་རགས་མང་པོ་གསན་བཞེས་འཕེལ་བར་ཟླ་སྦྲེལ་དུ་མའི་བར་དུ་བྱུང༌། གྲྭ་ཚང་བྱིང་ལ་ཞབས་དྲུང་བདག་ཆེན་རིན་པོ་ཆེ་ནས་ཐོག་མའི་འདུལ་བའི་བསླབ་བྱ་འཆད་པ་གནང༌། དེ་རྗེས་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་དང་རྫོང་གི་ནང་གཟན་མང་ཧྲགས་ལ་ཕུར་པ་སྟོད་ལས་ཀྱི་དབང་གིས་སྣོད་ལྡན་དུ་མཛད། ཞལ་ངོའི་སྐུ་རིམ་དུ་མགོན་པོའི་དམར་ཆེན་གཏོར་བཟློག་རྒྱུན་མ་དེ་ཚུགས་དུས་བདག་ཆེན་ནས་ཕྱག་ལེན་གཟིགས་པར་ནང་རེ་བཞིན་ཕེབས། ས་སྐྱ་ཞབས་དྲུང་དཔོན་སློབ་ནས་ཀྱང་ཐུགས་དམ་གཏོར་བཟློག་བཀའ་དྲིན་སྩལ། བདག་ཆེན་ཞབས་དྲུང་ནས་གསེར་ཞོ་གྲངས་མང་པོའི་ཐུམ་བུ། ཡང་བཀུར་ཁག་ལོངས་གཅིག་གིས་འགོ་དྲངས། ཇ་གོས་དར་སྤུས་གཙང་ཞིང་གྲངས་མང་བའི་འབུལ་ནོད་དང༌། གཞན་ཡང་ཆོས་ཞུ་བ་ཆེ་ཕྲ་སོ་སོའི་འབུལ་ནོད་མང་པོས་རྡོ་རྗེ་སློབ་དཔོན་ཆེན་པོ་གཞོན་ནུ་བློ་གྲོས་མཚན་ཅན་ལ་གུས་པར་མཆོད་ཅིང༌། གཞིས་པ་མཆོད་ཡོན་ནས་ཀྱང་ས་སྐྱ་ཞབས་དྲུང་དུ་འབུལ་བ་ཞབས་ཏོག་བཟབས་ཏེ། རྗེ་གཞོན་ནུའི་ཞལ་སྔར་སླར་ཡང་དམར་