[A:༣༧༨]པོ་སྐོར་གསུམ་གྱི་ཆོས་སྐོར་ཆ་ཚང་བ་དང༌། དཔལ་མགོན་གྱི་གསང་ཁྲིད་གསན་བཞེས་ལ་ཕེབས་རྒྱུའི་སྙན་འདེབས་མཛད་ནས་རེ་ཞིག་བདག་ཆེན་བསམ་ཡས་སུ་ཐེགས། མེ་ཕོ་ཁྱི་ལོའི་དབྱར་སོས་ནས་ཆོས་སྡེའི་འདུ་ཁང་གི་ལོགས་བྲིས་བཙུགས། ཐུབ་མཆོག་ཤཱཀྱའི་དབང་པོའི་བྱང་ཆུབ་ཏུ་ཐུགས་བསྐྱེད་ཚུལ་ཐོག་མཐའ་བར་གསུམ་སྔོན་ལ་བཀོད་པ་ནས་བརྩམས། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སུམ་ཅུ་པའི་ཁ་འགེངས་སུ་དཔག་བསམ་འཁྲི་ཤིང་དང༌། གཞན་ཡང་འོས་བབས་ནས་བཏུས་པའི་འོ་སྐོལ་གྱི་སྟོན་པའི་འཁྲུངས་རབས་ལེ་ཚན་མང་པོའི་ཞིང་བཀོད་སོ་སོའི་གཙོ་བོ་རྫོགས་པའི་སངས་རྒྱས་ཀྱི་སྐུ་བརྙན་ཆེ་བ་རེ་དང༌། བྱང་ཆུབ་སེམས་དཔའི་འདྲ་འབག་རྟོགས་བརྗོད་ཀྱི་གཟུགས་འགྲོས་གང་དང་གང་དུ་སྣང་བ་རྣམས་དང་བཅས་པ་ལ་གསེར་རྐྱང་གསོལ་བའི་འདུ་བྱེད་སྐྱ་བྲིས་ཚོན་མདངས་ཐམས་ཅད་སྤྲུལ་སྐུ་རི་ཕྱུར་བ་ཡབ་སྲས་དང༌། སྤྲུལ་སྐུ་སྐྱིད་ཤོད་པས་མཛད་པ་བཅུ་གཉིས་ཀྱི་ཞིང་བཀོད་རྣམས་བཟབས་བྲིས་མཛད། ཀ་བཞི་ནས་བླ་མ་རིན་པོ་ཆེ་ཚུལ་ཁྲིམས་འགྱུར་མེད་བཀྲ་ཤིས་རྩེར་ཕེབས་ཏེ་རྗེ་མཁན་ཆེན་དྲུང་དུ་ནཱ་རོ་མཁའ་སྤྱོད་ཀྱི་མགྱོགས་ཁྲིད་དམིགས་སྐོར་ཟབ་ཁྱད་དང་བཅས་པ་གསན། ཡང་བཀུར་སྤོབ་རྩེ་གཅིག་ཕུལ་ནས་ཆོས་སྡེའི་ཚོགས་ལ་རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་གི་དུས་མཆོད་ཟླ་ཇ་སྐུ་བསྟོད་ཚོགས་འདོན་དང་བཅས་པ་ཡང་འཛུགས་དགོས་ཞུས་པ་ལྟར་ཞལ་གྱིས་བཞེས། དེ་སྐབས་ནས་བཟུང་སྔ་ཕྱིར་དཔོན་སློབ་ནས་སྐུ་མཚམས་ཡུན་རིང་བ་ཞིག་ལ་བཞུགས་པའི་དགོངས་རྩེ་ཁོ་ནའི་བསླབ་སྟོན་