R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༧༩
[A:༣༧༩]སྦྱིན་བདག་ཆེན་པོ་ཁུ་དབོན་དང༌། གྲ་རིས་སོ་སོར་ཡང་ཕེབས་པའི་བཀའ་བཟློག་ཏུ་མེད་པ་ཤ་སྟག་བྱུང་བས་སྦྱིན་བདག་ནས་ཐུགས་དམ་ལ་བཞུགས་ཡུལ་ངེད་རང་གིས་ཞབས་ཏོག་ཕུལ་ཆོག་པའི་ཁད་ཉེའི་དབེན་གནས་འདི་ཁ་ཚོར་རང་དུ་དགོས། གྲྭ་ཚང་ཡས་ཕྱིན་རྣམས་ལ་རེ་ཞིག་སྐུ་ཚབ་དང་རིམ་གྱིས་གདན་སར་བསྐོ་བའི་ལུགས་ཅི་འགབ་ཀྱང་གསལ་ཕེབས་དགོས་ཞུས་པར་བཀའ་ལས་ངེད་རང་གི་སློབ་མའི་ཁྲོད་ནས་འདི་འདྲ་བཞེིན་གྱིས་ཨེ་ཡོང་ངམ་རྗེ་ཚར་ཆེན་དཔོན་སློབ་ཀྱི་བརྒྱུད་འཛིན་ཡིན་པས་གནས་གསར་ནས་སྡེ་པ་ཆོས་རྗེ་རང་ལ་ནན་ཞུས་ཕུལ། དེ་ཡང་རྟེན་འབྲེལ་མ་འཛོམ་ན་རྗེ་བཀའ་བཞི་པའམ་ས་སྐྱ་མངོན་མཁྱེན་པ་རྣམས་ཀྱང་ས་ལུགས་ཀྱི་ཁྱབ་ཆེ་བར་འདུག་པས་དེ་ཚོར་ཡང་བསླབ་སྟོན་བཞིན་གང་དྲག་ཞུས་གསུང་བ་བཞིན་བྱུང༌། ཆོས་སྡེ་རྣམ་སྲས་ལྷ་ཁང་ལ་ཨེ་པ་སྤྲུལ་སྐུ་པ་རྣམས་ཀྱི་རྣམ་སྲས་སེར་ཆེན་རྟ་བདག་བརྒྱད་ཀྱིས་བསྐོར་བ་འཇིམ་བཟོ། གསུམ་སྐས་མགོར་རྒྱལ་ཆེན་གྱི་བཟོ་རྣམས་སྤྲུལ་སྐུ་བློ་གྲོས་ཉི་མས་ལེགས་པར་ཕྱག་རྩལ་བསྐྱེད། ཆོས་མཛད་རྣམ་རིག་པ་དང་སྤྲུལ་སྐུ་བློ་གྲོས་པ་གཉིས་ཀྱིས་གཙང་ཁང་གི་ཉན་ཐོས་བྱང་སེམས་སྒོ་སྲུངས་དང་བཅས་པ་ཡང་སྔ་ཕྱིར་རིམ་གྲུབ་མཛད། རི་ཕྱུར་པས་བླ་མ་ལྷ་ཁང་གི་སྔགས་སྐུ་གཙོ་བསྡུས་ཀྱི་ཞབས་སུ་དཔལ་མགོན་བྲམ་གཟུགས་ཀྱི་སྐུ་བརྙན་སྐྱ་རིས་བཏབ་པས་བྱིན་རླབས་ཀྱི་མཚན་རྟགས་ཁྱད་པར་ཅན་དང་བཅས་པ་བྱུང༌། ཤིང་རྩེ་ཡང་སྒྲོལ་མ་ལྷ་ཁང་དང་འདུ་ཁང་གི་ཕལ་ཆེ་བ་རྣམས་དེ་མུས་ལ་གྲུབ། སྐབས་ཤིག་སྣེའུ་སྡོང་