R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༨༠
[A:༣༨༠]དུ་ཕེབས་བཞུགས་མུས་ལ་གློ་བུར་བཀྲ་ཤིས་ཆོས་སྡེར་ཕེབས་པའི་སྨོན་མཁར་རི་ཟུར་དུ་འབྱོར་སྐབས་གཙང་ཁང་གི་བར་སྐོར་སྟེང་མའི་ཤར་ཟུར་ན་འདུ་དབང་གི་མཐོང་ཁེབས་སོག་མ་ལ་བཅོས་པ་མང་པོ་བརྩེགས། གྲ་པ་གཞོན་པ་མང་རབ་ཅིག་ཞལ་རས་ལྷ་ཁང་གི་གཡོན་ངོས་ན་ནུབ་མོ་བཞུགས་པ་མཛད་ཀྱི་ཡོད་པར། སྔ་གོང་རྗེ་མཁན་ཆེན་གྱི་སྐུ་ཆོས་དུམ་བུ་མཐོ་གང་ལྷག་ཙམ་ལ་ཧལ་ཚོན་དུ་བྲིས་པའི་ཐང་སྐུ་ཕྱག་ནས་མ་ཞིག་གྲ་པའི་ལག་ན་ཡོད་པ་སོག་གཡབས་ཀྱི་གསེང་དུ་ཤོག་བུས་སྒྲིལ་ནས་བཞག་ཡོད་པ་དང༌། དེ་ནུབ་གྲ་པ་ཞིག་གིས་ཉལ་གདོང་ཞུན་མར་གྱི་སྒྲོན་མེ་དེར་བཞག་ནས་ཕྱིར་ཕྱིན་ཤུལ་སྡོད་མཁན་མེད་པས་སོག་ཁེབས་རྣམས་ལ་མེ་ཆེར་འབར་བ་ཤིང་བཟང་གི་འོག་ནས་གྱེན་དུ་སོང་སྟེ་སྤེན་བད་སོགས་ལ་ཉེན་ཆེ་བར་བྱུང༌། ཕྱི་ནང་གི་སྐྱ་སེར་ཐམས་ཅད་མྱུར་བར་འདུས་ཡུར་པོ་དྲངས་རྫིང་མོ་ནས་ཀྱང་ཆུ་སྐྱས་དཔོན་སློབ་ཕེབས་གྲུབ་ཙམ་ལ་མེ་ཡང་ཞི་བ་བྱུང༌། དེ་རྗེས་སོག་ཐལ་གྱི་མེ་གསེབ་ཏུ་གྲ་པ་འགའ་ཞིག་གིས་ཐང་སྐུ་དེ་ཡོད་ཨེ་སྲིད་བསམ་བཙལ་བས་ཕྱིའི་ཤོག་ཐུམས་ཚིག་པ་ཞིག་རྙེད། ཤོག་རོ་ཕུད་པས་ཐང་སྐུའི་དྲིལ་ཤིང་གི་རྩེ་གཉིས་ནག་པོར་སོང་ཙམ་ལས་གཞན་སྐྱོན་མེད་དུ་ཕེབས་པའི་གནས་ཚུལ་རིག་སྟེ་སྣ་མོ་ཤག་པའི་ཇ་བས་དར་རྩེ་མདོར་མེའི་འཇིགས་སྐྱོབ་ལ་སྤྱན་དྲངས་སོ། །ཀ་བཞི་ནས་གཙང་ལ་ཐེགས་གྲུབ་ཙམ་གྱི་སྐབས། བདག་ཀྱང་ཡས་ཕྱོགས་སུ་ཡོང་གདོང་རྗེ་མཁན་ཆེན་བསམ་སྡིངས་སུ་ཕེབས་བཞུགས་གནང་འདུག་པའི་ཞབས་དྲུང་དུ། ཕྱག་འབུལ་ལ་ཕྱིན་པས་ཇ་སྦྱོར་ཁ་ཤས་ཀྱི་བར་བདག་ཆེན་ཕེབས་དུས་ཀྱི་གནས་ཚུལ་