R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༨༡
[A:༣༨༡]སོགས་འཕྲལ་ཡུན་གྱི་གསུང་འཕྲོས་མང་པོ་དང༌། མཇུག་ཏུ་ངེད་མཚམས་ཡུན་རིང་བ་ཞིག་བྱེད་རྒྱུ་ཡིན་པས་དེ་བར་འཕྲལ་གྱི་སྒྲིགས་ཚུགས་ཟིན་པོ་རྣམས་མི་འཕྱུགས་པའི་དོ་དམ་རྒན་འགོ་ཙམ་ལ་བཅར་སྡོད་བྱེད་དགོས་པའི་བཀའ་ཕེབས་ཤིག་གནང་བྱུང་བའི་ཞུ་ལན་དུ་བདག་གིས། མ་སྤངས་བཀའ་ཕེབས་དང་འགལ་མེད་ཅིག་ཞུ་དགོས་རྒྱུར་འདུག་རུང༌། དཔོན་སློབ་ཆོས་སྡེར་བཞུགས་ཡུལ་མ་ཤར་ཕྱིན་སྒྲིགས་རྣམས་ངེད་ཀྱིས་སྐྱོང་བ་ལ་རྫོང་ནས་ཀྱང་གློ་བུར་གྱི་རྒྱུ་འགྲོས་བཞིན་ལ་ཁག་བཏང་བའི་གཉེར་ལས་སྣ་རྣམས་ལ་ཡང་ཟེར་དཀའ་ཞིང་གྲ་ཚང་ལས་སྣ་དང་བཅས་པར་ཡང་རེ་ཆེ་འཁོན་ཆེ་ཞིག་བྱུང་དོགས། དེ་མིན་ཡས་མས་ཀྱི་བྱེད་དགོས་འདི་རྣམས་ཀྱང་འཕྲལ་དུ་འཇོག་ཀྱང་དཀའ་འཛིན་ཀྱང་དཀའ་བ་ཞིག་འདུག་པས། སེམས་ཅན་གྱིས་བསྒྲུབ་པར་མི་ནུས་པ་ལ། སངས་རྒྱས་ཀྱིས་བཅའ་བ་མི་མཛད་པ་ལྟར། བཀའ་བཅག་པའི་ཉེས་པར་མི་འགྱུར་བ་ཞིག་གི་དགོངས་ཁྲོལ་དགོས་ཞུས་པས་སྒྲུབ་མ་ནུས་ན་ཉེས་པར་མི་འགྱུར་མོད། བློ་ཡུལ་དུ་བཞག་པའི་ཡས་ཕྱོགས་སུ་ཆོས་སྡེའི་གྲ་རིགས་བཞིན་བྱུང་ན་ཆོས་བཀའ་ཕྲན་བུའི་ཕན་གང་ཐོགས་བྱེད་དགོས་ཞེས་གསུང་གི་ཐ་མར་ཕེབས། དེ་རྗེས་བསམ་སྡིངས་གཟིམས་ཆུང་ལ་ཡང་ཞལ་བཀོད་སྒྱུར་ཁ། ཤིང་རྩི་དང་བཅས་པ་གནང་གྲུབ་འཕྲལ་ནས་གཏོར་ཤོམས་བཟབས་འཛུགས་དང་བཅས་པའི་སྐུ་མཚམས་ལ་བཞུགས་ནས་ཐུངས་ཙམ་སོང་དུས་གཏོར་མ་གཞན་རྣམས་ལ་དྲོད་ཚ་ཆིལ་བ་འཁོར་མར་ཡོད་པ་དང༌། ཕྱག་དྲུག་པའི་གཏོར་མ་ལ་དྲོད་མེད་པ་ཞིག་ཡོང་གི་འདུག་