R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༨༢
[A:༣༨༢]པས། དགེ་སློང་ལུང་རིག་པས་སྙན་དུ་ཕུལ་བས་ཕྱག་དྲུག་པ་ལ་སྤྱན་འདྲེན་ཙམ་ལས་སྐྱེད་ཆོག་རྒྱུན་དུ་མ་བྱས་པས་ལན་ནམ་གསུང་ཞག་མང་རབས་ན་ཕྱག་དྲུག་པའི་གཏོར་མ་ལ་དྲོད་གཞན་རྣམས་དང་འདྲ་བ་བྱུང༌། རེ་ཞིག་ན་ཞབས་ཅུང་ཞིག་བསྙེལ་བ་ལ་སྟོན་གཞུག་ཤམ་པོའི་ཆབ་ཞུགས་ལ་ཕེབས་པས་སྣེའུ་སྡོང་དུ་བདག་མོ་སྲས་ཡུམ་གྱི་སྙན་དུ་སོན་པས། ཞབས་དྲུང་གདུང་བརྒྱུད་གནམ་གཤེགས་ཀྱི་དངུལ་གདུང་རབ་གནས་ལ་སྤྱན་འདྲེན་སྙན་ཞུས་བྱུང་བར་ཕེབས་དགོས་པ་ཤར། དེ་གདོང་ཐུགས་དམ་གཏོར་མ་སྐྱོང་བ་མཛད། བསམ་སྡིངས་ཀྱི་སྐུ་ཆས་རྣམས་ཆོས་སྡེ་རང་དུ་བསྒྲིལ། གྲ་ཚང་གི་རགས་བསྡུས་ཕྱགས་ཕྱིར་ཁྲིད་པའི་རྩེར་རབ་གནས་ལ་ཕེབས། ཀྱེ་རྡོར་གྱི་ཆོ་གའི་སྒོ་ནས་རབ་གནས་རྒྱས་པ་དང༌། ཞབས་དྲུང་ཡུམ་སྲས་ལ་ཀྱེ་རྡོར་རྒྱུ་དབང་སོགས་བཀའ་རྗེས་གནང་མང་པོ་སྩལ། དེ་ནས་དོལ་སྔོན་དུ་ཡང་སྤྱན་དྲངས་ནས་ཞལ་ངོ་ཐམས་ཅད་ལ་ཚེ་དཔག་མེད་ལྷ་དགུའི་དབང་སོགས་བཀའ་དྲིན་སྩལ། སླར་བཀྲ་ཤིས་རྩེ་ཆོས་སྡེར་ཕེབས་བཞུགས་ཐོག་མྱུར་བར་སྐུ་མཚམས་ལ་བཞུགས་པའི་དགོངས་པ་ནས། སྡེ་པ་ཆོས་རྗེའི་དྲུང་ཆོས་སྡེ་རང་ན་ཕྱགས་ཕྱིར་བཞུགས་ཡོད་པ་དང༌། རྫོང་ནས་ཡབ་སྲས་ཐམས་ཅད་ལ་བསླབ་སྟོན་རིམ་ཅན་ཕེབས་པར། ད་གྲ་པ་འདི་ཚོས་གང་ཅིའི་བྱེད་དགོས་རྣམས་གྲ་འགྲིག་ཡོད་པས་འདི་རྣམས་ལ་སྔར་གང་ཡོད་ཀྱི་ཞབས་ཏོག་རྣམས་མ་ཆག་པ་དང་དུས་མ་བདེ་བ་བཞིན་བྱུང་ཀྱང་ཆོས་སྡེའི་གྲ་པར་གོ་ཆ་གཏོད་པ་སོགས་མ་བྱེད། གལ་ཆེ་དུས་བཀང་གསོ་གཏོར་བཟློག་རང་བྱེད་ཆུག །ཁོ་རང་གྲ་པ་ཚོའི་ཡང་དམག་གི་ཚབ་དེ་ཀས་ཡོང་བ་ཡོད་གསུང་བ་ལན་དུ་མར་ཕེབས།