[A:༣༨༣] ཉིན་ཅིག་ཨའོ་ཆོས་སྐྱོང་ཟེར་བ་གྲ་ཚང་རང་གི་ཐབ་ཁ་བ་དེས་ཆོས་སྡེའི་ཚོགས་ལ་མང་ཇ་གདན་སྣོན་ཞུས་པའི་སྨོན་ལམ་ལ་བཞུགས་ཁྲིའི་ཁར་སྤྱན་དྲངས་དུས་འཕྲལ་ཡུན་གྱི་སྒྲིགས་རྣམ་གཞག་མང་པོའི་བསླབ་བྱ་གནང༌། ཚོགས་གྲོལ་ནས་སྡེ་ཚན་སོ་སོའི་རྒན་པ་རེ་གཟིམས་ཆུང་དུ་ཤོག་གསུང་འཛོམ་བྱུང་བ་དང་སྡེ་ཚན་རེ་རེ་ནས་སྨོས་པའི་རྒན་པ་སུ་ཡོད་གསུང་བ་ལ། སོ་སོའི་ངོ་སྦྱོར་ཞུས་ཟིན་པ་དང༌། བཀའ་ཕེབས་སུ་དོ་ཞག་ནས་ཡར་རྒྱབ་སོགས་ལ་ཆོས་དབར་འདྲ་ཡང་དགོས་པ་ཡོད་པས་དེ་དུས་སོགས་སྤྱི་དང་ཁྱད་པར་གྱི་སྒྲིགས་བྱེད་ལུགས་ཞིབ་རྒྱས་གནང༌། རྒྱུན་གྱི་ཐུགས་དམ་ཕྱག་ལེན་ཉམས་བཞེས་རྣམས་ཀྱི་བསླབ་སྟོན་སྩལ་བའི་མཐར་ས་སྐྱ་པ་གོང་མ་རྣམས་གང་མཛད་བདག་ཆེན་རྡོ་རྗེ་འཆང་གིས་མཛད། དེ་རིན་པོ་ཆེ་རྡོ་རིངས་པས་མཛད། དེ་རིན་པོ་ཆེ་ཚར་པས་མཛད། དེ་ངས་བྱས་པ་ཡིན་པས་ཡིད་ཆེས་པ་དང་དེ་བཞིན་དུ་མ་འཕྱུགས་པ་བྱེད་དགོས་རྒྱུ་ཡིན་པས་ཐམས་ཅད་ཀྱི་སེམས་ལ་ཞོག །ཅེས་པ་བྱུང་ནས་རྒན་པ་རྣམས་ཀྱང་གྱེས། ཞག་འགའ་ན་ཕྱག་ལ་སྙུན་རྐྱེན་ཕྲ་མོ་ཞིག་བྱུང་བ་ལ་ལྗགས་ཆབ་གནང་རིམ་གྱིས་ཞི་རུང༌། ཡང་ཡང་འཕོས་ནས་ཤར་བའི་མཐར་སྔགས་དང་སྨན་མང་པོ་འབུལ་བཞེས་མཛད་ཀྱང་མ་ཕན་པར་ཆེར་སྙུང༌། དེ་དུས་མགོན་ཁང་ཆེན་མོའི་སྦུས་འབྱེད་དུ་འཚོགས་ནས་བསྐང་གསོ་ཕུལ་བས་ཁྱད་ཇ་སྦྱོར་བ་གནང་བཞེས་སྤྲོ་གསོལ་རས་མང་པོ་མཛད། ཐུགས་དགྱེས་པའི་གསུང་འབའ་ཞིག་བྱོན། སྒོ་མངས་ཀྱི་མདོའི་གནམ་སྒོ་འཁྲིས་སུ་མཚམས་མཐོ་རྒྱབ་པ་ཁྱི་ཞུགས་པ་ཕྱིར་ཕུད་པས་བསྒྱེལ། བྱ་རོག་