[A:༣༨༤]གི་གཤོག་པའི་གསེབ་ན་སྒྲོ་དཀར་པོ་ཡོད་པ་ཞིག་ཆོས་སྡེའི་ཐོག་སྟེང་རྣམས་སུ་འཁོར་མར་བྱུང༌། བསྙེལ་ཟུག་ཆེ་ཡང་སྐུའི་དང་ཚུགས་མ་ཉམས་པར་བཞུགས་པ་དང་ཐུགས་དམ་རྣམས་མི་འཆག་པ་ཡུན་རིང་པོར་མཛད། རྣལ་འབྱོར་མའི་ཐུགས་དམ་སྐུ་ཁམས་ཐིམ་ཁ་ཚུན་མ་ཆག །དེའི་ཚེ་ཁོ་བོ་དབེན་པའི་རྨི་ལམ་ན་རྗེ་མཁན་ཆེན་ཁང་བཟང་ཞིག་ན་བཞུགས་པ་ནས་ཕྱི་རོལ་ཏུ་ཕེབས་ཏེ། ཞིང་རྨོས་བྱས་མ་ཐག་ཞིག་གི་སྟེང་ན་ཕར་རིངས་སྟབས་སུ་ཐེགས་པའི་ཕྱགས་ཕྱིར་བསྙེགས་ནས་ཞུ་བ་བྱེད་ཁུལ་ཞིག་ལ། ཞལ་ཤར་ཕྱོགས་ཁོ་ན་ལ་གཟིགས་ཤིང་བཟློག་ཏུ་མེད་པའི་ཚུལ་གྱིས་ཐེགས་ཤུལ་དུ་སྟན་དམར་ཞིག་ལུས་བྱུང་བས་ཡིད་ཅུང་མ་བདེ་ཞིང་གསོལ་བ་བཏབ། བདག་གི་ལྷན་ཅིག་གནས་པ་ན་རེ་ངའི་རྨི་ལམ་ན་རྩེས་དང་བསམ་གཏན་གླིང་གི་མདུན་ན་ཡར་རྗེ་མཁན་ཆེན་ཕེབས་པའི་ཕྱགས་ཕྱི་དགེ་སློང་འགའ་ཟུང་ཡོད་འཕྲོ་ལ་བུད་མེད་གཞོན་ནུ་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་བཞི་ཙམ་གྱིས་ཕྱག་འཐེན་བྱེད་པ་ལ་དགེ་སློང་ཆོས་མཛད་པ་ལེགས་ཞུས་པས། ད་ལམ་འདི་རྣམས་ཀྱིས་བྱས་པ་རང་ལེགས་གསུང་བ་དང་མཉམ་དུ་བཞུགས་འདིང་བཀྲམས་པའི་སྟེང་དུ་བཞུགས། བུད་མེད་བཞི་པོས་སྣ་རེ་རེ་ནས་བཏེག་རོལ་མོའི་སྒྲ་དང་བཅས་གར་སོང་ཆ་མེད་དུ་ཐེགས་པ་ཞིག་བྱུང་ཟེར་བས་དེ་མི་ལེགས་པའི་ལྟས་སུ་འདུག་བྱས། མཚན་ལྟས་དེ་དང་མཐུན་པར་བཀྲ་ཤིས་ཆོས་སྡེར་སྐུ་ཁམས་ཞན་པའི་མུས་ཟླ་བ་བཅུ་གཉིས་པའི་བཅོ་ལྔ་མཆོད་པ་གནང་གྲུབ་པའི་དགོངས་འཚམས། སྐུ་ངལ་བའི་ངང་ནས་དགེ་སློང་གཉིས་དང་སྡེ་པ་རིན་པོ་ཆེ་དངོས་གྲུབ་རྡོ་རྗེ་རྣམས་ཞབས་དྲུང་ན་བཞུགས། ཞུན་མར་གྱི་བཀུ་མཉེ་