R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༨༦
[A:༣༨༦]སྐོར་སྐུ་ཅུད་ཟད་བདེ་བ་བསྙུན་ཟུག་མེད་པའི་ཐུགས་དམ་ལ་བཞུགས་པའི་ངང་ནས་ས་མོ་ཕག་གི་ལོ་ཧོར་ཟླ་བཅུ་གཉིས་པའི་ཉེར་ལྔའི་ཆ་ཤས་འཆར་བར་ཉེ་བ་ན་ཐུགས་དམ་ཟབ་མོ་ལ་རྩེ་གཅིག་ཏུ་བཞུགས་ཏེ། སྐུ་དེའི་དངོས་ཀྱི་མཛད་པ་འོད་གསལ་དུ་བསྡུས་མ་ཐག་ནས་མྱུར་དུ་སྡེ་པ་རིན་པོ་ཆེ་དངོས་གྲུབ་རྡོ་རྗེས་བཀའ་ཁྱབ་མཛད། བླ་མ་ལྷ་ཁང་དུ་རིག་པ་འཛིན་པའི་དགེ་འདུན་ལྔ་བཅུ་ཙམ་གྱིས། སྙིང་པོ་ཀྱེ་རྡོ་རྗེའི་ཆོ་གའི་སྒོ་ནས་གསོལ་བ་འདེབས་པའི་སྟ་གོན་བཙུགས་ནས་བདུན་ཕྲག་གཉིས་གནས་དེ་ཉིད་དུ་མཛད། འདུ་ཁང་དུ་ཆོས་སྡེའི་དགེ་འདུན་བྱིངས་ཀྱིས་སྐུ་བསྟོད་བླ་མ་མཆོད་ཆོག་སྨོན་ལམ་སྣ་མང་པོ་དང༌། ཁྱད་པར་ལམ་ཟབ་སྨོན་ལམ་ནན་ཏན་ཅན། རྩེ་ཚོགས་ཆེན་པའི་དགེ་འདུན་མང་རགས་ཀྱི་སྨན་བླ། བསམ་ཡས་ནས་རབ་བྱུང་གྲ་ཚང་གི་ཀུན་རིག །གཞན་ཡང་གཡའ་ནང་བསམ་སྡིངས་སོགས་དགོན་ལག་དང་བཅས་པའི་དགེ་འདུན་བརྒྱད་བརྒྱ་ཙམ་གྱིས་སོ་སོའི་འདོན་པ་རྣམས་སྟོང་རྩ་མང་པོ་སྦྲེལ་ནས་མཛད། ཚོགས་དབུ་ཆེན་མོ་ལ་ས་སྐྱ་ཞབས་དྲུང་བདག་ཆེན་རིན་པོ་ཆེ་ཡར་རྒྱབ་ན་བཞུགས་ཐོག་ཏུ་སྤྱན་འདྲེན་ཞུས་པ་ལྟར་ཕེབས། བན་གཙང་པ་རྣམས་ཀྱིས་བླ་མ་མཆོད་ཆོག་མཛད། ཞབས་དྲུང་སྐུ་རྐྱང་གིས་གཟིམས་ཆུང་དུ་ངོར་པ་རྡོ་རྗེ་འཆང་གི་ཐུགས་དམ་ཀྱེ་རྡོར་གྱི་དཀྱིལ་ཐང་ཞལ་ཕྱེ་ནས། སྒྲུབ་མཆོད་དང་བདག་འཇུག་གནང༌། ཚོགས་མཁན་ཆེན་དཔལ་བསོད་པ། དགའ་གདོང་རིག་པའི་རལ་གྲི་བསོད་བརྟན་པ། རབ་བྱུང་སློབ་དཔོན་རབ་འབྱམས་པ་སྟོན་པ་གྲགས་པ་རྣམས་སོ་སོའི་ཚོགས་དབུ་ལ་བཞུགས། ཀྱེ་རྡོར་གྱི་ཆོག་གྲའི་སྒོ་ནས་མཆོད་འབུལ་