[A:༣༨༧]གྱི་བྱང་འདྲེན་བདུན་ཕྲག་དང་པོ་དགའ་གདོང་བསོད་བརྟན་པས་མཛད། གཉིས་པའི་སྟ་གོན་ནས་བདག་སླེབས་ཏེ་མཆོད་ཡོན་གྱི་དགོངས་པར་འདུག་པས་བདག་གིས་བྱས། མཁན་ཆེན་རྡོ་རྗེ་འཆང་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་དགུང་ཞག་བཅུ་གསུམ་གྱི་བར་སྐུ་གདུང་རིན་པོ་ཆེ་ལྷག་པར་གཟི་མདངས་རྒྱས་པར་བཞུགས། ཆོ་འཕྲུལ་གྱི་ཚེས་བརྒྱད་ལ་དབུའི་གཙུག་ཕུད་གྱེན་དུ་འཕྱུར་ཞིང་ཕུར་གྱི་མདངས་ཡལ་བས་ཞལ་བཞུགས་དུས་ཀྱི་བསླབ་སྟོན་ལྟར་དྲི་བཟང་སྣ་ཚོགས་ཀྱིས་སྦགས་པའི་དར་ཡུག་གིས་སྐུ་གདུང་ལ་ཆས་འཇུག་གི་ཞབས་ཏོག་ཕུལ། པུར་སྒྲོམ་ཟེའུ་ལྷ་ཁང་གི་དབྱིབས་ཅན་དུ་སྤྱན་དྲངས། ན་བཟའ་སྣམ་སྦྱར་དང་ལྷ་རྫས་ཀྱིས་ཀླུབས་པའི་སྐུ་མདུན་དུ་མཆོད་པ་བཟང་པོ་བཤམས། ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱི་དམ་ཚིག་ཐང་ཁ་ཀྱེ་རྡོར་བ་སྤུ་མར་གྲགས་པའི་རས་བྲིས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་ཚེས་དགུ་ལ་སྟ་གོན། བཅུའི་དངོས་གཞི་ནས་བདུན་ཕྲག་གཅིག་གི་བར་ཆོ་ག་རྒྱས་པར་ཕུལ། བླ་མའི་རྣལ་འབྱོར་གྱི་སྒོ་དུ་མ་ཉམས་སུ་བླངས། ཚེས་བཅུ་བཞིའི་ཉིན་དགེ་འདུན་བརྒྱད་བརྒྱ་ལ་བདག་ཆེན་རིན་པོ་ཆེའི་ཕྱག་ནས་ཉིན་ཐུབ་ཀྱི་ཞབས་ཏོག་བཟབས་པ། སྡེ་སོ་སོའི་བླ་མ་སློབ་དཔོན་རྣམས་ལ་གནང་སྦྱིན་ཚོགས་ལ་སྤྱི་འགྱེད་གདུང་ཁང་སྐུ་མདུན་དུ་དཀར་མེ་ཞལ་ཟས་བཟང་པོ་བརྒྱ་ཕྲག་ལོངས་པ་དང་བཅས་པའི་ཉེར་སྤྱོད་ལྔ་རྒྱས་པར་བཤམས། ཞབས་དྲུང་རང་གི་བཀྲ་ཤིས་ཁ་བཏགས་འདོམ་ཁོར་མ་གཅིག་རྣམས། བན་གཙང་བ་རྣམས་ཀྱིས་ཚོན་སི་ཁ་རེ་བསྣམས་ཏེ་ཕྱག་ཕྱི་ལ་གདུང་ཁང་སྐུ་མདུན་དུ་ཕེབས་བྱིན་རླབས་