[A:༣༨༨]ཞུ་བ་གནང་གྲུབ་ནས་དཔོན་སློབ་ཐམས་ཅད་མགྲིན་གཅིག་ཏུ་མཆོད་འབུལ་དང་གསོལ་གདབ་ཕན་བདེའི་སྨོན་ལམ་རྒྱས་པར་གྲུབ་ནས། སྐུ་རྐྱང་གདུང་ཁང་འཁྲིས་སུ་ལམ་ཟབ་བཞེས། ཀྱེ་རྡོར་གྱི་ཆོ་ག་གྲ་ན་དྲུག་ཅུ་ཙམ་ཡོད་པ་རྣམས་ལ། སྒེར་དུ་ཇ་དན་རྡུམ་གཅིག མར་ལྟང༌། ཞིབ་རྒྱག་ཟས་སྣའི་སྒམ་དུ་མ། ཤ་སྐམ་ཆེ་ཁོག་ཆུང་ཁོག་དང་པོ་ཚོགས་འཁོར་ཆས་སུ་རྩིས་སྤྲོད་གནང་དུས་འདི་རྣམས་ཉི་མ་གང་ཕྱིད་མ་བྱེད་པར་ཆོ་ག་པ་རྣམས་ལ་ཞབས་ཏོག་གྱིས་གསུང་གཉེར་པ་རྣམས་ལ་བཀའ་ཁྱབ་བྱུང༌། ཆོས་སྡེའི་ཕྱག་མཛོད་དུ་གདུང་འབུལ། ཇ་གོས་དར། གསེར་དངུལ་གྱི་ཕོར་གཞོང༌། ཟངས་ལྕགས་རས་སོགས་ཀྱི་དགུ་ཚན་གསུམ་སྡེ་པ་ཆོས་རྗེའི་དྲུང་ཉེ་གནས་ཆེན་མོ་རྣམས་ལ་སྙེལ་བྱ་གནང་སྦྱིན། བདག་ལ་ཡང་ཆོག་ཡོན་གྱི་གནང་ཆ་རྣམས་གྱ་ནོམ་པ། རྫོང་ནས་སྡེ་པ་ཡབ་སྲས་སོ་སོར་ཆིབས་བཟང་པོ་ཇ་གོས་དར་སོགས་ཀྱི་གནང་ཁྱབ་དཔངས་བསྟོད་མཛད། གཞན་ཡང་སྣེ་སྡོང་གོང་དཀར་སྙུག་ལ་བསམ་མཁར་སོགས་སྦྱིན་བདག་ཆེ་ཕྲ་དུ་མ་དང༌། གོང་དཀར་ཆོས་སྡེ་རྩེ་ཚོགས་ཆེན། ཡོལ་རིན་ཆེན་གླིང་སོགས་སྡེ་ཆེ་ཕྲ། བུ་སློབ་ཆེ་ཕྲ་སོ་སོ་ནས་དཀར་མེ་སྙན་དར་གདུང་འབུལ་གྱི་སྣ་དྲངས་ཆེ་འབྱོར་ཆུང་འབྱོར། བཀྲ་ཤིས་རྩེ་ནས་མཆོད་ཡོན་རྣམས་ཀྱིས་ཀྱང་དགོངས་རྫོགས་ཆེན་མོ་ལ་དགེ་འདུན་ཕྱོགས་རིས་མེད་པ་སྤྱན་དྲངས་པའི་སྟོང་ཕྲག་ལྷག་ཙམ་ལ་ཞབས་ཏོག་གྱ་ནོམ་པ། སྡེ་ཆེ་ཆུང་སོ་སོར་སྤྱི་འགྱེད་དང༌། བདག་ཆེན་རིན་པོ་ཆེ་ཚོགས་དབུ་ལ་ཕེབས་པར་བརྒྱ་འབུལ་ལ་དགུ་ཚན་རེའི་འགོར་བཀྲ་ཤིས་ཁ་བཏགས་བཟང་བ་རེས་སྣ་དྲངས་པའི་དཀར་གངས་ཉ་སྐྱོགས་གི་གུ་ཤ་ལས་