[A:༣༨༩]གྲུབ་པའི་ཀཱའ་ཊུུ་ར། སྤོས་གཞོང་ཕུད་ཅན་ཏིང་བདུན་ཆ། བཟང་གོས་ཀྱི་སྟེང་ཁེབས་ཆེ་བ། ཁྱད་ཇ་གཞུང་ཇ་ཁག་ལོངས་མང་པོ་དང་ཆིབས་ཆེན་ལ་གསེར་ཆས་སྦྲན་པ་སོགས་ཆིབས་དྲག་ཞན་མང་པོ། ཁྲོ་ཟངས། མཛོ། གོས་ཕྱི་ནང་ཁ་དོག་མི་གཅིག་པ་ཁོ་ནའི་ཚན་པ་ཁྱད་རས་དང༌། བར་རས་གྲངས་སུ་སྤེལ་བ། བཀྲ་ཤིས་ཁ་བཏགས་ཀྱི་ཡོལ་བ་དང་ཚོན་སི་སྨན་ཙེ་སོག་ཇུས་སོགས་ཀྱི་ཡོལ་བ། རལ་གྲི་སྤུས་གཙང་སྣ་ཁ་དང་བཅས་པ་རྣམས་གྲངས་སུ་སྤེལ་བ། སྡེ་ཆེ་ཕྲའི་མཁན་པོ་དང་བླ་མ་སློབ་དཔོན་སོ་སོར་འབུལ་ནོད་ཀྱང་སྤུས་གཙང་ཞིང་སོ་སོའི་ཐོབ་ཆ་གོ་རིམ་ལྟར་མཛད་དེ་མཆོད་ཡུལ་རྣམས་དགྱེས་པ་བསྐྱེད་དེ་སོ་སོར་ཐེགས། མཁན་ཆེན་ཆོས་ཀྱི་རྒྱལ་པོའི་གཟུགས་སྐུ་རེ་ཞིག་ཞིང་འདིར་མིའི་འགྲོ་བར་གྱུར་པའི་གདུལ་བྱ་ཐུན་མོང་དུ་མི་སྣང་བ་ལྟར་མཛད་ཀྱང་ཐུགས་རྗེའི་གཟིགས་པ་རྒྱུན་མི་འཆད་པས་མཛད་པ་འཕྲིན་ལས་ཀྱི་ཚུལ་རྣམས་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་ལས་ཀྱི་སྒྲིབ་པ་རྣམ་པར་བྱང་བའི་བརྡ་དང་རྟེན་འབྱུང་གི་ངོ་མཚར་མཐོང་བ་ནི་དགོངས་པ་འོད་གསལ་དུ་ཐིམ་པའི་དུས་ནས་བཟུང་ཕྱོགས་མཚམས་ཀྱི་ནམ་མཁའ་ཐམས་ཅད་རྡུལ་དང་བྲལ་བར་དྭངས་ཤིང་ཉི་མའི་དཀྱིལ་འཁོར་འོད་གསལ་བ་དང༌། སྐུ་གདུང་རིན་པོ་ཆེ་བཞུགས་པའི་སྟེང་ཐད་ནས་གློ་བུར་དུ་འཇའ་དཀར་ལི་ཞིང་འཁྱོག་པ་ཆ་ཤས་ཕྲ་མོ་མང་པོའི་དྲ་བ་ཕྱོགས་བཅུར་འཕྲོ་ཡང་ཉིན་མོར་བྱེད་པའི་འོད་ལ་མི་སྒྲིབ་པ་དང༌། རྗེས་འཇུག་གི་གདུལ་བྱ་ལ་ཆོས་དང་དཔལ་འབྱོར་རྒྱས་པའི་རྟེན་འབྱུང་མ་ཉམས་པས། ཉི་མ་སྔ་དྲོ་ཙམ་ནས་འཇའ་དཀར་གྱི་འཕྲེང་བ་རྣམས་ཁ་དོག་ལྔའི་མདངས་