[A:༣༩༠]ཀྱིས་བཀྲ་བ་ཤ་སྟག་ཏུ་གྱུར་པའི་དབྱིབས་རྣམས་མེ་ཏོག་ལ་སོགས་པའི་མཆོད་པ་སྣ་ལྔའི་གཟུགས་དབྱིབས་སུ་བསྒྲིབས་པ་ལྟ་བུར་གསལ་བ་དང༌། ཁ་ཅིག་རྨ་བྱའི་མདོངས་ལྟ་བུ། ལ་ལ་ཟ་འོག་གི་ཡུག་རྐྱང་ལྟ་བུ། གཞན་དར་སྣ་ཚོགས་ཀྱི་སྐུད་འཕན་དཔྱངས་པ་ལྟར་ལྡིང་ཁང་དུ་བྱས་པ་ཕང་ཕུང་དུ་གནས་པ་དང༌། དྲ་བ་འཁྲིགས་པ་རྒྱུན་མི་འཆད་པ་དང༌། རྗེས་སོར་ཡང་ལོ་མང་པོའི་བར་ཉེར་ལྔ་མཆོད་པའི་ཉིན་གང་ཡིན་ལ་འཇའ་ཚོན་རྨ་བྱའི་སྒྲོ་ཚོན་ལྟ་བུས་ནམ་མཁའ་ཁྱབ་པ་ཁོ་ན་བྱུང༌། ལྷ་མའི་སྐྱེ་འགྲོ་དབང་དུ་འདུ་བའི་རྟེན་འབྱུང་ད་ལྟར་ཡང་བཤད་སྒྲུབ་ཀྱི་སྡེ་གཞན་ལས་ལྷག་པོར་སྟོབས་ཀྱི་འཁོར་ལོས་སྒྱུར་བ་རྣམས་མཐོང་འཇོག་ཆེ་བ་མཛད་ཀྱི་འདུག །བསྟན་པ་ལ་སྡང་བ་རྣམས་ཚར་གཅོད་པའི་འཕྲིན་ལས་རྒྱུན་མི་ཆད་པའི་རྟེན་འབྲེལ་དུ་སྔགས་འཆང་ཡིན་པར་རློམ་པའི་མི་ཆེན་ཞིག་གིས་མཁན་ཆེན་ཀུན་སྤངས་པ་གཤེགས་པ་དེ་ངེད་ཀྱི་མཐུ་ཡིན་ཟེར་བ་ལབས་པས་དེ་ནས་ལོ་མ་འགྱངས་པར་ཁོང་རང་ཡར་ཀླུངས་སུ་འབྱོན་པར་ཆས་པའི་ལམ་དུ་དམ་ཅན་པུ་ཏྲ་འཇིག་རྟེན་དྲེགས་པའི་ཚུལ་དུ་བྱས་པས་ཚར་བཅད་པས་གཟེར་ཕོག་སྟེ་རྟ་སྟེང་ནས་ལྷུང༌། དེ་མ་ཐག་རང་ནས་དུས་ལས་འདས། གཞན་ཡང་མ་རུངས་པའི་སེམས་འཆང་བའི་ཆེ་ཕྲ་ཐམས་ཅད་ལ་བཀའ་ཆད་མྱུར་བར་ཡོང་བ་ལ་ཆེད་དུ་བསྐུལ་མི་དགོས་པ་ཞིག་འདུག་གོ །དེ་ལྟར་ཐུན་མོང་ལས་བཞིའི་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པ་དང༌། མཆོག་གི་དངོས་གྲུབ་བརྙེས་པས་ས་ལམ་གྱི་ཡོན་ཏན་ལས་བྱུང་བའི་རིང་བསྲེལ་ཡང་དུ་མ་ཕེབས་འདུག་ཅིང༌། ཁྱད་པར་