[A:༢༦༣]ཤིང་ཆེན་པོ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་སྟོད་ལུང་པ་ར་བ་སོགས། སྡེ་དཔོན་ཆ་ཕྲ་དུ་མ་དང༌། ཞལ་སློབ་ཕྲ་རགས་དུ་མས་སྤྱན་དྲངས་ཏེ། དབུས་ཕྱོགས་སུ་ཕེབས་སྐབས་ཤིག །རྩེ་ཚོགས་ཁྲོད་དང༌། རྩེས་དང་བསམ་གཏན་གླིང་ལ་ཆེད་གཏད་དུ་རྩོལ་ནས་ཕེབས་སྐབས། ཚོགས་པའི་གྲྭ་བ་མང་པོས་གཟིམས་ཁང་གསར་མར་སྤྱན་དྲངས་ནས་གསོལ་བ་བཏབ་པའི་ངོར་ཀྱེ་རྡོར་མན་ངག་ལུགས་དང༌། བདེ་མཆོག་ལཱུ་ཧི་པའི་དབང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། གུར་ཁྲོ་བཅུ་དང༌། ལྷ་བརྒྱད། ཞལ་བཞི་པ་བསྙེན་དུས་མགོན་པོའི་རྗེས་གནང་རྣམས་སྩལ་ཏེ། དགེ་བའི་བཤེས་གཉེན་དང་གཞན་སྣོད་རུང་མང་པོ་ཡང་སྨིན་པར་མཛད་པའི་སྐབས། དབོན་རིན་པོ་ཆེ་གཞོན་ནུ་བློ་གྲོས་པ་ཡང་དེ་ན་བཞུགས་པས། དབང་རྗེས་གནང་དེ་ཐམས་ཅད་ཚང་བར་གསན་པའི་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཚུགས་དུས་བཟླས་ལུང་གི་སྐབས། ཨོཾ་གསུམ་མ་རྒྱུན་བཟླས་ཆག་མེད་ཀྱི་དམ་བཅའ་སོ་སོར་བཞེས་སྐབས། འདི་ནས་སྐུ་ན་ཕྲ་བ་དང༌། ཐོས་བསམ་གྱི་དུས་ཡིན་པས། མང་པོ་མི་འཁྱོངས་དགོངས། བཟླས་པ་ཉི་ཤུ་རྩ་གཅིག་ཆག་མེད་ཀྱི་དམ་བཅའ་ཕུལ་བས། རྗེའི་གསུང་ལས་ཡོལ་བ་དབོན་པོ་རང་གི་དམ་བཅའ་གང་ཡོད་དེ་མ་ཆག་པ་རང་ཞིག་གལ་ཆེ་བ་ཡོད་གསུང་ནན་ཏན་གྱིས་རྗེས་སུ་འཛིན་པར་མཛད་པས། ཐུན་མོང་མ་ཡིན་པའི་རིགས་ཀྱི་བདག་པོ་བླ་མ་དམ་པ་ཚར་པ་རྗེ་དང༌། །དབོན་པོ་རིན་པོ་ཆེ་ནི་གསུང་བཞིན་བསྒྲུབ་པའི་སློབ་མའི་དམ་པར་རྟེན་འབྱུང་གི་ལས་འབྲེལ་དུས་དེར་སད་པས། བཟླས་པའི་དམ་བཅའ་ཡང་རེ་ཞིག་སྔར་གྱི་གྲངས་དེ་ཀ་དང༌། རྗེས་སོར་ཤིན་ཏུ་མང་བ་དང་བཅས་དགུང་ལོ་བདུན་ཅུ་རྩ་གཅིག་གི་སྟེང་དུ་ཕེབས་ཀྱི་བར་དུ་ནུབ་གཅིག་ཀྱང་ཆག་མ་མྱོང་གསུང་