[A:༢༦༤]པ་བཀའ་རང་ལས་ཐོས་ཤིང༌། གཞན་དོན་དུ་གཤེགས་གདོང་དུ་ཡང་མི་ཆག་པར་གནང་བ་ནི་ཞབས་འབྲིང་བ་དག་ལས་ཐོས་སོ། །ཚོགས་སུ་ལོ་གསུམ་བཞུགས་ནས་མཁན་ཆེན་ནམ་བཀྲས་པའི་བཀས་བསྐུལ་ཏེ། པཎ་ཆེན་ལྷ་དབང་བློ་གྲོས་ཀྱིས་ཐུབ་བསྟན་ཕྱོགས་བརྒྱར་སྤེལ་བའི་ཆོས་གྲྭ་སྐྱིད་ཚལ་འོག་ཏུ་དགུང་ལོ་བཅུ་དྲུག་པ་ལ་ཕེབས། གྲྭ་ཚང་དེའི་དགུན་ཆོས་དང་པོ་ནས་བཟུང་སྒྲིགས་འགྲིམ་མཛད། ཆོས་རྗེ་རིན་པོ་ཆེ་པཎ་ཆེན་ལྷའི་མཚན་ཅན་ཆོས་ཁྲིའི་སྟེང་ནས་འཆད་པའི་འཛིན་ཆོས་བློ་མཐོ་དམན་སོ་སོར་རྒྱུགས་ཐུན་གྱི་བཅད་རྒྱ་གནང་བའི་སྔ་ཆོས་དགོང་ཆོས་གཉིས། ཐོར་ཆོས་ལ་སློབ་དཔོན་རིག་པའི་དབང་ཕྱུག་ཚུལ་ཁྲིམས་དཔལ་བཟང་པས་ཆོས་ཁྲིའི་རྨང་གི་སྟེགས་བུ་ནས་གནང་བའི་རྒྱུགས་ཐུན་རྣམས་གསན་པ་ལ། ཐོག་མར་བསྡུས་སྦྱོར་རིགས་མི་གཅིག་པའི་རྩི་ཚུལ་ཁྱབ་པའི་ཕྲེང་བ་དུ་མ་དང༌། ཆོས་མཚམས་འཆད་ཉན་ཁང་དུ་སློབ་མའི་དྲུང་དུ་གནང་བའི་མཐར་ཕ་རོལ་ཏུ་ཕྱིན་པའི་གཞུང་དོན་ཐལ་ངག་ཏུ་འདྲེན་པའི་ལུང་ཁྱབ་མང་པོ་སློབ་དཔོན་པའི་ལྗགས་སྤོད་ལས་འཛིན་པ་གནང༌། དེའི་ཕྱི་ལོ་ལུང་གྲྭར་ཕེབས་ཏེ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྤྱི་དོན་ཆེན་མོ། འཇམ་དབྱངས་ཀུན་དགའ་ཆོས་བཟང་གིས་མཛད་པ་ལུང་རིག་རྒྱ་མཚོར་གྲགས་པའི་སྟེང་ནས་སློབ་དཔོན་སེང་གེ་བཟང་པོ་སོགས་རྒྱ་བོད་ཀྱི་འགྲེལ་བཤད་ཚད་ལྡན་གྱི་རྗེས་སུ་འབྲངས་བའི་བཤད་སྲོལ། མདོ་དང་བསྟན་བཅོས་མང་པོའི་ལུང་གི་རང་གཞུང་བསྒྲུབ་པ་དང༌། བརྒལ་ཞིང་བརྟགས་པའི་སྒོ་ནས་གཞན་གྱི་འདོད་པ་ནོར་བ་རྣམས་སུན་འབྱིན་པའི་རིགས་པ་དང་བཅས་ཏེ་གསན།