[A:༣༩༡]མཁན་ཆེན་རྡོ་རྗེ་འཆང་གི་ཕྱག་ནས་བཞུགས་པའི་སྨན་སྐུ་གཅིག་ལ་འཕེལ་གདུང་བྱོན་པ་འབྲུག་དཔོན་བསོད་ནམས་མཚན་ཅན་གྱི་ཕྱག་ན་ཡོད་འདུག་གོ །དེ་ལྟར་ཡིད་ཆེས་ཀྱི་དད་པ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས་པ་ལ་བརྩོན་པ་དང༌། གསུང་གི་བསླབ་བྱ་རྣམས་དང་མི་འགལ་བར་ཆོས་བཞིན་སྤྱོད་ན་སྲིད་ཞིའི་ཕུན་ཚོགས་ཐམས་ཅད་འབྱོར་ཞིང་རྒྱས་པར་ཐེ་ཚོམ་མེད་དོ། །ཀུན་ཁྱབ་ཕྱོགས་ཀྱི་འཁོར་ཡུག་འགེངས་པ་སྐད་གསང་མཐོན་པོའི་དབྱངས་སྙན་འདི་ནི་རྫོགས་ལྡན་སྤྲིན་གྱི་འབྲུག་སྒྲ་མ་ཡིན་དམ་པའི་ཡོན་ཏན་ཕྱོགས་བརྒྱར་སྒྲོག་པ་རྣ་བའི་དཔལ་མོར་སིམ་པ་སྦྱིན་བྱེད་བློ་གསལ་མགྲིན་པའི་ང་རོ་ཡིན། །རྣམ་བཀྲ་མིག་གི་བདུད་རྩིར་བྱེད་པ་ཀཻ་ལ་ཤ་ཡིས་འཛིན་ངོས་ཀྱི་དབྱར་དུས་དབང་པོའི་གཞུ་རིས་མ་ཡིན་རྣམ་དཀར་དུས་གསུམ་དགེ་བའི་གཏམ་སྙན་ལེགས་བཤད་ཚིག་གིས་སྔོན་བྱོན་གསལ་བྱེད་གླེགས་བུར་བཀོད་པའི་འདུ་བྱེད་ཡིན། །ཟུར་མྀག་ལྷུང་བས་ཀུན་དགའི་སྤུ་ལོང་སྙིང་ལ་སིམ་བྱེད་ལང་ཚོས་དྲེགས་པ་འཆི་མེད་བུ་མོའི་འཇོ་སྒེག་མ་ཡིན་ལན་གཅིག་མཐོང་བས་མཆོག་གི་ཡུལ་ལ་ངོ་མཚར་དྭངས་པའི་དད་པ་སྐྱེད་བྱེད་དྲང་སྲོང་བརྗོད་པའི་ལེགས་བཤད་ཡིན། །མཛེས་ལྡན་དགའ་མའི་གླུ་དབྱངས་ཀྱིས་བསྐུལ་བཞིན་བཟང་མཛའ་བོའི་རྒྱུད་མངས་དང་འགྲོགས་ན་ཆུང་རྩེ་དགའི་ལོངས་སྤྱོད་མ་ཡིན་དམ་པའི་གསུང་གིས་ཡང་ཡང་བསྐུལ་བས་དད་ལྡན་སྙིང་གི་སྐྱོ་བ་སངས་བྱེད་ངོ་མཚར་རྣ་བའི་བདུད་རྩི་ཡིན། །བརྒྱུད་ལྡན་གསུང་གི་བདུད་