R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༦༩
[A:༢༦༩]སོང་ཙམ་ལ་སྐུ་མཁྲིས་སུ་མི་བོངས་ཐུང་ངེ་བ་གདོང་སྨེ་བའི་གྲོ་ཐིག་གིས་ཁེངས་པ་སྐྲ་རེ་རེ་ནས་གྱེན་དུ་གཟིངས་པ་ཞིག་བྱུང་བས་མནན་པའི་ཉམས་ལ། དེ་མ་ཐག་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་གསལ་བཏབ་སྟེ། དེའི་ལྟོ་བར་རྭ་རྩེ་བསྣུན་པའི་ང་རྒྱལ་གྱིས་ལྟ་སྟངས་མཛད་པས་ཅུང་ཟད་ལྷོད་པར་གྱུར་པའི་མོད་ལ་མི་མ་ཡིན་དེ་སྐུ་མཁྲིས་ན་ཁ་གདངས་ནས་འདུག་པ་ལ་ཕྱག་གིས་མ་མཁལ་ནས་བཟུང༌། ཁུ་ཚུར་གྱི་བསྣུན་པས་ཡལ་སོང༌། བསྒྲུབ་མཆོད་སྔ་མའི་དུས་འཁོར་གྱི་ཆོག་གྲལ་ཚོགས་བྱིངས་དང་ལྷན་དུ་ཕེབས། བུ་སྟོན་གྱི་དུས་འཁོར་མངོན་དཀྱིལ་མཆོད་འཕྲེང༌། དབུ་རི་བ་ཡོན་ཏན་དཔལ་གྱི་ལྷན་ཐབས་དང་བཅས་པ་གསུངས་འདོན་ཕྱག་ཁྲིད་རྣམས་ལ་ནན་ཏན་དུ་མཛད་སྐབས་རྗེ་གློ་བོ་ཀུན་དགའ་གྲོལ་མཆོག་ལ་དུས་འཁོར་གྱི་དབང་བཀའི་སྙན་འདེབས་གནང་བས་རྗེ་དེའི་གསུང་ལས། འུ་ཅག་གིས་དབང་དེ་ཐོབ་རུང་ད་ལྟ་ཕ་རིན་པོ་ཆེ་ཀྲེ་བོའི་ཕྱག་ཕྱིར་སྡོད་སྐབས་ཡིན་པས་ཕ་རིན་པོ་ཆེའི་གྲྭ་བ་དགེ་སྦྱོར་མི་ཤེས་པ་ཚོ་ལ་དམིགས་པ་བསྒོམ་ལུགས་རེ་ཙམ་བསླབས་ཙ་ན། ཕ་རིན་པོ་ཆེས་གློ་བོ་ཆོས་མཛད་ཀྱི་བཤད་བཤད་མང་པོ་ལབ་པ་འདིས་ངའི་གྲྭ་པ་ཚོ་ཉམས་མྱོང་ཡེ་སྐྱེ་མི་འཇུག་པ་འདུག་གསུང་ཤིན་ཏུ་མི་དགྱེས་པས་སྐབས་སྦྱར་གཞིས་ཀ་གོང་དཀར་དུ་ཡོང་བས་དེ་དུས་དབང་ཡོང་གསུང་བ་ཕེབས། དེ་ནས་མ་འགྱངས་པར་ངོར་པ་རིན་པོ་ཆེ་སངས་རྒྱས་སེང་གེ་སྐྱེད་ཚལ་དུ་ཕེབས། གསུང་ངག་ལམ་འབྲས་ཚུགས་པ་གྲོལ་མཚམས་རིན་ཆེན་གླིང་དུ་སྤྱན་འདྲེན་མཛད། གཞུགས་ཞག་བདུན་ཙམ་གནང་རིང་གསང་འདུས་མི་བསྐྱོད་པའི་དབང་རས་བྲིས་ལ་བརྟེན་པ། ངོར་ལུགས་ཀྱི་གུར་པོད། ཞལ་བཞི་པའི་གསེར་པོད། བ་རི་ལོ་