R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༦༨
[A:༢༦༨]ལས་མཆེད་གྲོགས་ཡིན་པ། ཕྱིས་སྦྱིན་བདག་དང་སློབ་མ་གྱུར་པའི་རྟེན་འབྱུང་དུ་འདུག་གོ །ལོ་དེའི་ཟླ་བ་བཅུ་གཅིག་པའི་ཉི་ཤུ་བཞི་ལ་རིན་ཆེན་གླིང་དུས་མཆོད་ཆེན་མོའི་སྟེང༌། མཁན་བརྒྱུད་ན་རིམ་གྱི་གདན་སའི་ཁྲི་ཐོག་ཏུ་ཕེབས། སྣེའུ་སྡོང་རྩེ་ནས་དབོན་ས་གོང་མ་ཆེན་པོའི་འཇའ་ས་བསྒྲགས། གནང་སྦྱིན་བཟང་པོ་མཛད། སྙུག་ལ་ལྷ་གདོང་ནས་ནང་སོ་དཔོན་བློན་པས་ཐོག་དྲངས། སྡེ་རིགས་སྦྱིན་བདག་དྲག་ཞན་གཞན་ཡང་ཚོགས་ཆེན་སོགས་སྡེ་ཆེ་ཕྲའི་འབྲེལ་ཡོད་ཀྱི་ས་ནས་ཇ་ཞུས་བཟང་པོ་མཛད། དེ་ནས་བཟུང་ལོ་རེ་བཞིན་དུས་མཆོད་དང་སྒྲུབ་མཆོད་ཐོག་རིན་ཆེན་གླིང་དུ་སྐོར་རེ་ཙམ་ཕེབས། རྒྱུན་དུ་གྲྭ་ཚང་དུ་གསན་པའི་མུས་ལ་བཞུགས་པ་ལོ་གསུམ་གྱི་བར་ལ་འཆད་ཉན་ཁང་གི་རྩེར་སྐུ་ཞང་ནང་སོ་ཆོས་རྗེ་བློ་གྲོས་ཆོས་འཕགས་དང་ལྷན་དུ་བཞུགས་པའི་སྐབས་ཤིག །སློབ་དཔོན་པའི་ཉེ་གནས་མགོན་པོ་རྡོ་རྗེས་ཞང་དཔོན་གཉིས་ཀ་ལ་སྐྱུར་འགོང་བྱས་གྲི་ཆུང་གིས་དེད་པས་ནང་སོ་ཆོས་རྗེ་རྫོང་ལ་ཐེགས། ཆོས་རྗེ་རིན་པོ་ཆེ་ཡོལ་བླ་བྲང་དུ་ཕེབས་བཞུགས་ཐུང་ཙམ་མཛད་རིང༌། ནུབ་གཅིག་ཉེ་གནས་མགོན་པོ་བ་དྲན་པས་མ་ཟིན་པར་མལ་ས་ནས་ཧར་ལངས་བྱས་ཐོན་ཏེ་ཕྱིན། འོར་སྦུག་ལྷ་རི་གདོང་དུ་སླེབས་ཚེ་དྲན་པས་ཟིན་ནས། སླར་ལོག་ནས་མལ་སར་བསྡད་པ་དཔོན་སློབ་གཞན་ཚོས་མ་ཚོར། རྗེས་སོར་ཁོ་རང་གི་ངག་ནས། ཆོས་རྗེ་འདིས་ང་ལ་ངན་ཅིག་བྱས་ཡོད་པ་འདུག །འདི་བཞིན་བྱུང་ཟེར་བ་ལབས་འདུག་གོ །གདན་སར་ཕེབས་པའི་ཕྱི་ལོའི་དུས་མཆོད་གདོང་དུ་རིན་ཆེན་གླིང་དུ་ཕེབས། བླ་བྲང་གི་གཟིམས་ཆུང་ཀ་བཞི་སྟེང་དུ་དགོངས་མོ་ཐུགས་དམ་ལ་བཞུགས་དུས། སྲོད་ལ་གཟིམས་ཁང་གི་མཐའ་སྐོར་དུ་ཁྱི་འུར་དང་བཅས་པའི་ཞུད་ཡོད་པ་བྱུང༌། མནལ་དུ་མ་