[A:༢༧༠]ཙཱ་བའི་རིགས་པ་འབུམ་ཆེན་དང༌། འབུམ་ཆུང་གི་ལུང་རྣམས་གསན། དེ་རྗེས་སྐྱེད་ཚལ་ནས་སློབ་དཔོན་རིན་པོ་ཆེ་ཚུལ་ཁྲིམས་དཔལ་བཟང་སྤྱན་དྲངས་ཀུན་རིག་གཞན་ཕན་མཐའ་ཡས་ཀྱི་དབང་ལུང་གསན། བྱང་པ་ལྷ་བཟོ་བ་སྲ་རྩི་སོགས་ཀྱི་ལག་ལེན་སྤུས་གཙང་པོ་ཤེས་པ་ཞིག་བྱུང་བས་འདུ་བྱེད་བྱས་ཏེ། སྨན་དང་དར་འདམ་ལས་གྲུབ་པའི་ནི་གུའི་བརྒྱུད་པ་རིན་ཆེན་སྣ་བདུན་གྱི་སྐུ། རྒྱབ་མཐོ་རེ་ལྷག་ཙམ་གྲས་མཉམ་དང༌། ཁ་ཆེ་པཎ་ཆེན། ཇོ་བོ་རྗེ་ཆོས་རྗེ་ལྷ་དབང་པ་དང༌། མཁན་སློབ་ཀྱི་སྐུ་འདྲ་ཚོན་རྩི་ཞལ་གསེར་སོགས་ཤིན་ཏུ་སྤུས་གཙང་བ་སོ་སོར་རྒྱ་ཁྲི་དང་བཅས་པ་བཞེངས་པའི་རབ་གནས་ལ་སྐྱེད་ཚལ་ནས་མཁན་སློབ་དགེ་འདུན་དང་བཅས་པ་གདན་དྲངས་ཏེ་རབ་གནས་རྒྱས་པ་གནང༌། ཞབས་ཏོག་དང་འབུལ་ནོད་བཟང་པོས་མཉེས་པར་མཛད་དེ་ཕྱིར་ཐེགས་རྗེས། ཡོལ་གྱི་གཞལ་ཡས་ཁང་དུ་སྐུ་མཚམས་ལ་བཞུགས། གཤེད་དམར་ལྷ་ལྔའི་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་མཛད། དེ་ནས་དུས་འཁོར་གྱི་ཆོས་སྐོར་གསན་པའི་བླ་མ་འཚོལ་བཞིན་པའི་ངང་ལ། ཡོལ་བའི་གྲྭ་པ་གཞོན་པ་ཁ་ཤས་ཀྱིས་ཤར་ཕྱོགས་ལ་བསོད་སྙོམས་ཀྱི་གྲ་ཅིག་བཏེག་པས། ཆུ་ཤུར་ཕག་གདོང་ན་ཆོས་ཀྱི་རྗེ་སྟོང་ར་བ་ཀུན་དགའ་ལེགས་གྲུབ་བཞུགས་པའི་སར་བསོད་སྙོམས་དང་ཆོས་འབྲེལ་ཞུས་པས། ཁོང་དུས་འཁོར་དབང་མོ་ཆེ་ཞིག་གནང་བ་དང་འགྲིག །འཆད་བཟང་བ་དང་ཕྱག་ལེན་གཙང་བར་འདུག་པའི་གནས་ཚུལ་རྣམས་བསོད་སྙོམས་འཁོར་བའི་གྲྭ་པ་རྣམས་ཀྱི་ཡོལ་བླ་བྲང་དུ་སྙན་དུ་ཕུལ་བས་དགྱེས་ཏེ། མ་འགྱངས་པར་རྗེ་སྟོང་ར་བའི་དྲུང་དུ་ཞུ་ཤོག་དང་བཅས་དུས་ཀྱི་འཁོར་ལོའི་ཆོས་སྐོར་ལ་ཆེད་དུ་གཏད་པའི་སྙན་འབུལ་གནང་བས་དེ་མ་ཐག་ཞལ་བཞེས་བྱུང་བ་དང་བསྟུན་ཕག་གདོང་དུ་ཕེབས། བསྙེན་བཀུར་འབུལ་ནོད་