[A:༢༧༣]མཉེས། ཡན་ལག་དྲུག་ཆ་ཚང་བའི་འཁྲིད་རྣམས་ཟླ་བ་གསུམ་ལ་རྫོགས་པར་མཛད། སླར་འཕྲལ་གྱི་ཆོ་གའི་ཞུས་དག་ཞལ་འཁྲིད་དང་ཕྱག་འཁྲིད་མང་པོ་གསན་གཟིགས་མཛད་པས་སྔར་གྱི་ཆོ་ག་སྒྲིགས་ལ་གོང་འོག་གི་སྐབས་ཐོབ་དང་སྦྱར་བའི་ཚེ། མཆོད་པ་བཤམ་ལུགས་ཕྲ་མོ་ཚུན་ཆད་ལ་མ་དག་པ་དུ་མ་ཡོད་པ་རྣམས་བསལ་ཏེ། རྒྱ་བོད་ཀྱི་ཕྱག་བཞེས་ཚད་ལྡན་གྱི་སྲོལ་མ་ཉམས་པ་དང་མཐུན་པར་དྭགས་སྟོན་ཏེ། བླ་མ་དེའི་གསུང་ལས། ཆོས་རྗེ་ཡོལ་པ་ལ་དུས་འཁོར་གྱི་ཆོ་ག་ཕྱག་ལེན་ཤིན་ཏུ་དག་པར་བྱུང་ཡོད་ཅིང༌། ད་དུང་སྦྱིན་སྲེག་གི་ལག་ལེན་ལ་ཞུ་དག་ཅིག་དགོས་པ་ཡོད་གསུང༌། དེ་ནས་ཕྱིར་ཕེབས་ཏེ་ལོ་རེ་བཞིན་ཆོ་འཕྲུལ་གྱི་ཟླ་བ་ནས་བཟུང༌། དོན་འཁྲིད་ཀྱི་ཉམས་བཞེས་སྐུ་མཚམས་ཟླ་ཤེས་རེ་གནང་བ་ལོ་སྟར་གྱི་མཛད། མུན་མཚམས་གནང་དུས་འོད་གསལ་གྱི་ཉམས་རྟགས་མང་པོ་འཆར། མཚམས་ཁོག་ན་མེད་པའི་མི་གསར་དུ་འོང་བ་དང༌། སྐད་ཆ་སྣ་རེ་ཙམ་གྱི་འགྲོ་འོང་རྣམས་ཞག་གསུམ་ཙམ་གྱི་སྔ་གོང་ནས་མཁྱེན་པ་ཤ་སྟག་བྱུང༌། དེ་ནས་ལོ་འགའ་ཟུང་འདས་པའི་ཚེ། གཟང་ཕུ་གཡུ་གོང་ན་གྲུབ་ཆེན་དཔལ་ལྡན་བློ་གྲོས་པ་སྐུ་ན་བགྲེས་པོ་ཞིག་བཞུགས་པ་རྨི་ལམ་འོད་གསལ་འབྱོངས་པའི་ཉམས་མྱོང་བཟང་པོ་ཡོད་པར་གྲགས་པས། ཁོང་གི་དྲུང་དུ་ཤངས་པའི་ཆོས་སྐོར་རྣམས་གསན་བཞེས་ལ་ཐེགས་བཞེད། ཆོ་འཕྲུལ་ཟླ་བའི་སྐུ་མཚམས་གྲོལ་འཕྲལ་ཞབས་ཐང་ལ་ཐེགས་པའི་དགོངས་པ་གཏད་པར། སྙུག་ལ་ནས་སྙན་སྒྲོན་ལ། གཟད་མཐོང་སྨོན་པའི་འཁྲིས་ནས་ཡར་ཞབས་འགྲོས་མི་འགབ་གསུང་ཀ་དྲུག་ཤོད་ནས་ཆིབས་སྐྱེལ་བཏང་སྟེ། གཡུ་གོང་དབེན་པའི་