[A:༢༧༤]ནགས་ཁྲོད་དུ་ཕེབས། གྲུབ་ཆེན་རིན་པོ་ཆེ་དཔལ་ལྡན་བློ་གྲོས་ལ་ཚོགས་ཀྱི་འཁོར་ལོ་བཟང་པོ་བཤམས་ཏེ། ཐོག་མར་ཡེ་ཤེས་མཁའ་འགྲོ་ནི་གུ་མའི་ལུགས་ཀྱི་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་དང༌། བཅོམ་ལྡན་འདས་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དུ་དབང་རྫོགས་པ་དང༌། ཟབ་ལམ་ནི་གུ་ཆོས་དྲུག་གི་ཉམས་འཁྲིད་དང་འབྲེལ་བར་བྱིན་རླབས་ཀྱི་བཀའ་བཅུ་དང་བཅས་པ་ཕྱག་རྒྱ་ཆེན་པོ་གའུ་མའི་ཉམས་ཁྲིད་དང་འབྲེལ་བར་ཕྱག་ཆེན་བཀའ་ལྔ། གཞན་ཡང་མཁའ་སྤྱོད་བཀའ་ལྔ༌། མགོན་པོ་བཀའ་ལྔ་སྟེ་གཞུང་བཀའ་ཉེར་ལྔའི་སྨིན་གྲོལ་ཆ་འགྲིག །ལམ་ཁྱེར་རྣམས་གསུམ་བཀའ་དང་བཅས་པ་སེམས་འཆི་མེད་བཀའ་དང་བཅས་པ་གསན། ཕྱག་དྲུག་པའི་གཏོར་སྒྲུབ་དང་བསྐང་གསོའི་ཕྱག་ལེན་དང་མན་ངག་ལ་དྲིས་གཏུགས་དང་ཞལ་གདམ་ལ་ཟིན་བྲིས་མཛད། ཟླ་བ་བཞི་ཙམ་སོང་སྐབས་རྩེས་དང་ནས་ཆེན་པོ་ལུང་རིག་རྒྱ་མཚོ་ཤངས་ཆོས་གསན་པར་ཕེབས་པའི་ཚེ། གྲུབ་ཆེན་དེས་སྣོད་བརྟགས་ནས་རྗེས་སུ་འཛིན་པ་ལས། འཕྲལ་དུ་མིའི་ངོ་མི་བསྲུང་བས། རེ་ཞིག་གསུང་ཆོས་མི་ཡོང་བའི་བཀའ་ཕེབས་པ་ལ། ཚོགས་འཁོར་གྱི་ཡོ་བྱད་རྣམས་འོད་ཕོ་བྲང་དུ་སྤུས་བསྒྱུར་མཛད་ནས་བསྒྲུབས། ཆོས་རྗེ་རིན་པོ་ཆེ་འདི་པས་ངོ་ཆེན་མཛད། ནན་གྱིས་ཞུས་པས་འོ་ན་མི་དྲག་པ་ཐག་རིང་ནས་གཏད་ཡོངས་པས་ཆོས་དྲུག་དང་ཕྱག་ཆེན་ཙམ་བྱེད་དགོས་པ་ཡིན་ཡོང་གསུང༌། སླར་རྒྱུད་སྡེ་ལྔའི་དབང་མོ་ཆེ། བདེ་མཆོག་ལྷ་ལྔའི་དབང༌། ཆོས་དྲུག་དང་ཕྱག་ཆེན་སོ་སོའི་བཀའ་དང་བཅས་པ་རྫོགས་པར་ཟླ་བ་གཉིས་ཀྱིས་བར་དུ་གསན། དབང་གནང་བའི་ཚེ་ཀུ་སཱ་ལིའི་ཕྱག་ལེན། དབང་རྫས་རྣམས་རེ་རེས་སློབ་མ་དུ་ཡོད་ལ་རིམ་པར་བྲིམས་པའི་མཐར། སློབ་མའི་གཙོ་བོ་གཅིག་ལ་འཛིན་དུ་འཇུག་པའི་