R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༧༥
[A:༢༧༥]མཆོད་གཡོག་ལ་གསུང་གནང་སྟེ། ཆོས་རྗེ་ཕ་གིའི་ཕྱག་ཏུ་གཏོད་ཤོག་གསུང་བ་ཤ་སྟག །དེའི་གོང་ཙམ་དུ་ཆུ་ཤུར་མཁན་ཆེན་པས་གྲུབ་ཆེན་འདི་ཡར་གསུམ་ལྷུན་པོ་རྩེར་གདན་འདྲེན་གྱི་ཞུ་བ་ཕུལ་དུས་བཀའ་ལུང་ལ། ཁོ་སྣོད་ལྡན་གྱི་སློབ་མ་ནི་མིན། ཆོས་བཞིན་དགོས་ན་ནི་ཁོ་རང་ཡར་ཡོངས་ཆོག་པ་འདུག །ང་སྒོམ་ཆེན་ཁོ་ལ་ཆོས་སྐྱེལ་དུ་མི་འགྲོ་གསུང་མ་ཕེབས། སྡེ་པ་མཁན་ཆེན་པ་རང་དཔོན་གཡོག་ཉུང་བསྡུས་ཆོས་འབྲེལ་ཞུ་བར་ཡར་གཡུ་གོང་དུ་ཕེབས། རྩེས་དང་གནས་ཆེན་པོ་བ་དང༌། འོད་ཕོ་བྲང་ནས་ཆོས་མཛད་རྣམ་པ་གཉིས་ཀྱིས་ཙ་རིའི་གནས་འཁོར་འཕྲལ་ཡིན་པས། གནས་ནང་གི་གསུང་འཕྲོས་བྱུང་དུས། བླ་མ་གྲུབ་ཆེན་གཡུ་གོང་པས་ཙ་རི་ལ་དངོས་སུ་མ་ཐེགས་ཀྱང༌། གནས་ཀྱི་བཀོད་པ་ཅི་ཡོད་བླ་མ་ཞིབ་པར་འདུག་པས། མནལ་ལམ་བཟུང་ནས་ཐེགས་པར་ཐམས་ཅད་ཀྱི་ངེས་པ་རྙེད་དོ། །དེ་ནས་སྟོན་གྱི་དུས་ལ་ཉེ་བ་ན། ཆེན་པོ་བ་དཔོན་སློབ་བྱ་བྲལ་མཛད། ལྷ་ས་བརྒྱུད་རྭ་བསྒྲེང་མཇལ་བར་ཕེབས། ཆོས་རྗེ་རིན་པོ་ཆེ་དཔོན་སློབ་རིན་ཅེན་གླིང་དུ་ཕེབས་སྐབས་དཔོན་སློབ་ཐམས་ཅད་ཅེར་ཤམ་སྒོམ་ཐག་མཛད། ཕྱག་དཔེ་པོ་ཏི་རེ་སྐུ་རྒྱབ་ལ་བསྣམས་ཕེབས་ཡོད་པས། དགེ་སློང་དཔལ་འབྱོར་དེ་རི་བོ་དགའ་ལྡན་པའི་ཞེན་འཐས་ཆེ་བས་མ་དགའ་བར་ངུས་སྐུར་ཞུས་བྱས་སོ། །སྐབས་དེར་སྒྱུ་ལུས་རྨི་ལམ་གྱི་མན་ངག་རྩེ་གཅིག་ཏུ་ཐུགས་ཉམས་སུ་བཞེས་པས་མནལ་ལམ་སྦྱོང་སྤེལ་དང་སྤྲུལ་བསྒྱུར་མང་པོ་ཐུབ་པ་བྱུང༌། སྔར་སྦྱོར་དྲུག་གི་ཐུགས་དམ་ལ་མྱོང་བ་བརྙེས་པའི་སྟོབས་ཀྱིས་ཉམས་ཀྱི་འོད་གསལ་