[A:༢༧༧]བཞེས་པ་བཞིན་སྒྲུབ་མཆོད་ལ་ཕེབས། དེ་ནས་སྟོད་ལུང་བ་རར་རྗེ་ཚར་པས་ནི་གུ་གནང་བའི་སྐད་ཅ་གསན་པས། པ་རར་ཆོས་གསན་པར་ཕེབས་བཞེད་པ། རིན་པོ་ཆེ་དབོན་པས་ད་ལམ་ངེད་འགྲོ་དགོས་པར་འདུག་པས་ཁྲོལ་དགོས་གསུང་བའི་དགོངས་བཞེད་དང་སྦྱར་བ་གནང༌། ཆོས་རྗེ་རིན་པོ་ཆེས་ཐེགས་བཞུད་བཤོལ། དེའི་ཕྱི་ལོ་རིན་པོ་ཆེ་ཚར་ཆེན་སྙུག་ལར་སྤྱན་འདྲེན་གནང༌། བཞུགས་ཡུན་ཟླ་བ་བདུན་ཙམ་གྱི་བར་ཕྱགས་ཕྱིར་བཞུགས། དེ་བར་བདེ་མཆོག་ལོ་ནག་དྲིལ་གསུམ། ཀྱེ་རྡོ་རྗེ་བིརྺ་པའི་ལུགས། གུར་མགོན་ལྷ་བཅུ་གཉིས། བཅུ་བདུན་མ། ལྷ་ལྔ་མ། ལྷ་བརྒྱད་རྣམས་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་རྒྱ་གཞུང་དངོས་བསྟན་གྱི་ལུགས་དང༌། ག་ཡ་དྷ་རའི་མན་ངག་ལུགས་རྣམས་ཡོངས་སུ་རྫོགས་པ། ཁྲོ་བཅུ་ལྕམ་དྲལ་ལྷ་བརྒྱད་དེ་གུར་མགོན་གྱི་རྗེས་གནང་གསུམ། སྲུང་འཁོར་བྲག་རྫོང་མའི་ཁྲིད། གུར་པོད་མེ་འབར་མའི་ལུང་དང་བཅས་པ་སོགས་ཆོས་སྐོར་མང་པོ་གསན། འདི་དག་ལ་ལྷན་དུ་བསྟན་པའི་གསལ་བྱེད་ཀུན་མཁྱེན་གཉིས་པ་བློ་གྲོས་ཆོས་འཕགས་ཀྱང་ཕེབས་འདུག །དེའི་དུས་སྙུག་ལ་ནས་སྦྱིན་བདག་མཛད། བྱམས་པ་མགོན་པོའི་གསེར་སྐུ་རྒྱབ་མཐོ་བཅོ་ལྔ་པ་ཞིག་བཞེངས་པའི་གཟུངས་ཞུགས་འབུལ་བའི་ཕྱག་ལེན་རྣམས་གནང་བས། སྦྱིན་བདག་ཆེན་པོར་སྙན་བསྐུལ་ཏེ་རྒྱུ་ལ་མ་རྩེགས་པར་སྤུས་གཙང་ཞིང་བཟབས་པར་མཛད་པའི་ཞལ་བཀོད་དང་དོགས་གཅོད་ཞུ་བ་གནང་ཆོག་པས་འཁྲུལ་མེད་ཀྱི་ངེས་པ་རྙེད་ལོ་དེའི་དགུན་སྟོད་ཡོལ་རིན་ཆེན་གླིང་གི་གཟིམས་ཆུང་ཀ་བཞིར། གུར་མགོན་བཀའ་སྡོད་དང་བཅས་པ། ཞལ་