[A:༢༧༨]བཞི་པ་གཙོ་འཁོར། ཕྱག་དྲུག་པ་རྣམས་ཀྱི་རྟག་གཏོར་སོགས་གཏོར་མ་གསུམ་ལ་བརྟེན་པའི་སྒྲུབ་སྐོར་གྱི་བཅའ་གཞི་འཛུགས་པར་གསོལ་བས། རྗེ་ཚར་ཆེན་ནས་ཞལ་བཀོད་གནང་བ་ལྟར། ཡོལ་དུ་དཔོན་སློབ་རང་གི་ཕྱག་ལེན་ལ་བཏབ་སྟེ། གཏོར་རྒྱུ་གཙང་ཞིང་གྱ་ནོམས་པ་ལ་བསྲེ་རྒྱུའི་སྨན་ལྔ་དང༌། བཟང་དྲུག་སོགས་ལས་དང་རྗེས་སུ་མཐུན་པའི་བཟང་སྨན་བོངས་ཆེ་བ་ཞིབ་ཏུ་བཏགས་པ་དང༌། གཏོར་གཟུངས་རྒྱས་པར་བྲི་བཞེངས་མཛད་པའི་འཆིང་སྐུད་ཀྱི་ན་བཟའ་ལྕགས་སྦུབས་སོགས་ཀྱི་བཅས་དང༌། ལོ་གཏོར་དང་རྒྱུན་གཏོར་སོགས་ཀྱི་སྟེགས་བུ་བང་རིམ་གྱིས་མཛེས་པ། རྟག་གཏོར་བཞུགས་པའི་ཁང་སྒྲོམ་སྟེང་ཕྱུར་བུ་སྒོ་གླེགས་སོ་སོ་དང་བཅས་པའི་ཤིང་བཟོ། རི་མོ་ཚོན་རྩི་སོགས་གྲུབ་མཚམས། རྗེ་ཚར་པ་སྙུག་ལ་ནས་སྤྱན་འདྲེན་གནང་འཕྲལ་ཕེབས་ཏེ་གཏོར་གཞི་རྒྱས་པར་འཛུགས་པར་གནང་བའི་རྒྱན་བཀོད་ཕུན་སུམ་ཚོགས་པ་ཕྱི་རོལ་ཏུ་དར་ཟབ་ཀྱི་ཕང་ཕུང༌། སྟག་གཟིག་གི་པགས་པ་གོ་ཁྲབ་སོགས་ཕྱི་ནང་གི་མཆོད་པ་སྤྱན་གཟིགས་ལྟ་བས་མི་ངོམས་ཤིང༌། བརྗིད་ཆགས་པ་འཇིགས་ཤིང་བརྔམས་པ་བཤམས་ནས་དཔོན་སློབ་ཚོགས་ཀྱི་འདུ་བ་བཟང་པོ་ཆབས་ཅིག་པས་ཐུན་མོང་མ་ཡིན་པའི་གཏོར་སྒྲུབ་ཞག་མང་དུ་སྦྲེལ་ཏེ་བསྒྲུབས་ནས་བསྐང་གསོ་རྒྱས་པ་གནང༌། བླ་མ་དམ་པ་དཔོན་སློབ་ཚོགས་ཀྱི་འཁོར་ལོ་དང་བསྙེན་བཀུར་འབུལ་ནོད་བཟང་པོས་མཉེས་པར་མཛད་ནས། ཕུ་ན་ཡར་རི་གོང་མགོན་ཁང་གི་མྱུར་མཛད་མགོན་པོའི་སྐུ་འདྲ་ཡིད་བཞིན་ནོར་བུ་ལ་གསེར་ཤོག་གི་རྒྱན་སྦྲེང་སོགས་དང༌། སྐུའི་ཉེ་འཁྲིས་རྣམས་སུ་བཞུགས་ཁང་གི་བཀུར་སྟི་དང་བཅས་པ་སྔ་གོང་ནས་ཕུལ་ན་བསམ་པ།