[A:༢༧༩] བཀའ་གཉན་པས་འབུལ་མ་སྤོབས་པ་ད་སྒོས་དེ་ལྟ་བུ་ཞིག་ཕུལ་ན་བསམ་པ་འཁུ་བཟློག་བཞིན་མི་འབྱུང་ལ་ཆེ་བས་ཐུགས་དམ་བརྟག་པའི་བསླབ་སྟོན་དགོས་ཞུ་བ་གནང་བས། བླ་མ་དམ་པ་ཚར་པས་དེ་ནུབ་ཡེ་ཤེས་ཀྱི་གཟིགས་པ་གཏད་དེ་བཀའ་གནང་སྩལ་བར་དེ་ཁ་གནང་ཆོག་པ་འདུག །སྐུ་དངོས་ལ་ཞབས་ཏོག་འབུལ་བ་དེ་ལྷ་བཟོ་བ་གཞན་གྱིས་མ་བྱས་པར་རྗེའི་དྲུང་རང་ཕྱག་བཟོ་བོ་འདུག་པས་ཕྱག་བདར་མ་རང་མཛད་ན་བར་ཆད་ཀྱང་མི་ཡོང་གསུང་བ་ཕེབས་ནས། གདན་འདྲེན་དང་བསྟུན་ལྷུན་རབ་རྫོང་ལ་ཐེགས་པའི་ཞབས་ཕྱིར་ཡོལ་ནས་རྗེའི་དྲུང་ཡང་ཕེབས་ཏེ་རྫོང་དུ་གྲ་པ་ནས་བརྒྱུད་པའི་ཛམྦྷ་ལ་དམར་པོའི་སྲོག་སྒྲུབ་ཀྱི་རྗེས་གནང་བསྟན་པའི་གསལ་བྱེད་ཆོས་འཕགས་པ་དང་ལྷན་དུ་གསན། དེ་ནས་ཀྱང་རྗེ་བླ་མ་གཙང་ཕྱོགས་ལ་ཆིབས་ཁ་སྒྱུར་བའི་ཕྱགས་ཕྱིར་ཕེབས་སྐྱེལ་ལ་གྲ་ཐང་གི་བར་དུ་བསྟན་པའི་གསལ་བྱེད་ཞང་དབོན་གཉིས་ཀས་ཕེབས། གྲ་ཐང་དུ་དཔོན་སློབ་ཐམས་ཅད་ཆིབས་བཤོལ་ཏེ་ཞལ་རྣམ་པ་གཉིས་ཀར་བླ་མ་དམ་པས་བསྟན་པའི་འཛིན་བཀོད་འདི་ལྟར་མཛོད་ཅིག་པའི་སྙན་སྒྲོན་ཞིབ་རྒྱས་གནང་བའི་ས་ནས་རིན་ཆེན་གླིང་ནས་དཔོན་སློབ་རང་གནས་སུ་ཕེབས་པའི་ངོས། གཏོར་སྒྲུབ་བསྐང་གསོའི་རྒྱུན་གོང་སྤེལ་དུ་མཛད། སྒྲུབ་མཆོད་གྲོལ་ནས་ཆོ་འཕྲུལ་གྱི་སྐབས་རི་གོང་དུ་སྐུ་མཚམས་ཀྱི་ངང་ནས། ཤངས་པ་བཀའ་བརྒྱུད་ཀྱི་ལྟ་སྒོམ་དང་མྱུར་མཛད་མགོན་པོའི་གཏོར་སྒྲུབ་ལ་ནན་ཏན་བགྱིས་ངོས། གཙོ་བོར་བླ་མ་མགོན་པོ་དབྱེར་མེད་ལ་གསོལ་འདེབས་དྲག་པོ་གནང་བས། ནུབ་གཅིག་མནལ་ལམ་དུ། བུད་མེད་དར་ལ་བབ་ཅིང་རྒྱན་བཟང་པོ་ཅན་ཞིག་གི་ངག་ནས་ངའི་གནས་འདིར་ཐམས་ཅད་ཀྱི་མནའ་