[A:༢༨༠]སྐྱེལ་ས་བྱས། འབགས་ཡོད་པས་ཁྱེད་ཀྱིས་རྣམ་འཇོམས་ཀྱི་ཁྲུས་ཆོག་ཞིག་མཛོད་ཟེར་སྤང་སྔོན་པོ་གྲུ་བཞི་ཆུང་ངེ་བ་ཞིག་གི་དབུས་སུ་ཀུ་ཤའི་སྡོང་པོ་རྐང་གཅིག་སྐྱེས་པ་ཕྱག་ཏུ་ཕུལ་བྱུང་དེ་འཕྲལ་མནལ་དྭངས་པས་གལ་ཆེ་བར་དགོངས་ཏེ། མགོན་ཁང་གི་ནང་དང་ཁོར་ཡུག་ཐམས་ཅད་ལ་ཁྲུས་ཆོག་གི་བུམ་ཆུ་འཐོར། མགོན་པོའི་སྐུ་ལའང་ཁྲུས་གསོལ་དང་དཔོན་སློབ་ཐམས་ཅད་ཁྲུས་མཛད། དེ་ནས་མགོན་ཁང་ནང་གི་སྐུ་འཁྲིས་སུ་གྲ་མིག་དང་བཅས་པའི་སྒོ་གླེགས་བཟོ་བཀོད་མཛེས་པ་བསྒྲུབས་པའི་ཚོན་རྩི་གཏོང་བ་དང་མཉམ་དུ་མགོན་པོའི་སྐུ་འདྲ་ལ་འབུལ་རྒྱུའི་གསེར་ཤོག་གི་བམ་པོ་གཅིག་ཡོད་པ། བསམ་ཆུང་ཞིག་གི་བརྐུས་ཏེ་སྒོ་གོང་གི་སྲུབས་ཤིག་ཏུ་སྦས་པ་མ་རྙེད་པས་ཕྱགས་འཐོགས་ཉིན་རེ་བཞིན་བསྐང་གསོ་གནང་དུས། གུ་གུལ་བཏུལ་བའི་མེ་ཡལ་ཟིན་ནས་གཏོར་སྒྲོམ་གྱི་འོག་ནས་དུད་པ་ཆེན་པོ་རང་བྱུང་དུ་འཐུལ་ཞིང་འདུག་པས་ཕྱག་ཕྱི་བ་ལ་སྟོན་པ་མཛད་དུས། ཤ་ཆེན་གྱི་གསུར་ངད་བཟང་པོས་མགོན་ཁང་གི་ནང་ཐམས་ཅད་ཁྱབ་པ་དང་མཉམ་དུ། གློ་བུར་དུ་ག་ནས་བྱུང་ཆ་མེད་པར་རླུང་ཤུགས་ཅན་ཞིག་འཚུབ་འཁྱིལ་གྱིས་བྱུང་བས་སྒོ་གོང་ནས་གསེར་ཤོག་གི་བམ་པོ་བཏོན་ཏེ་སྐུ་མདུན་དུ་བསྒྱུར་བྱུང་བས་ཤིང་རྩིའི་འཕྲོས་དང། སྐུ་འདྲ་རིན་པོ་ཆེའི་དབུ་རྒྱན་གྱི་ཟེ་པྲོག །ཕྱག་ཞབས་ཀྱི་གདུ་བུ། ཞལ་རྒྱན་དང་སྨིན་མ་རྣམས་ལ་གསེར་གྱི་སྤྲས་པའི་ཚུལ་དུ་ཞབས་ཏོག་བསྒྲུབ་པ་མཛད། དེ་དུས་སྐུ་འདྲ་བར་སྣང་མར་གྲགས་པས། ཐུགས་རྟོག་བཅུག་དུས་སྐུ་དེ་གང་ལའང་བརྟེན་མེད་དུ་བཞུགས་པའི་ཞབས་མཐིལ་དང་གདན་གྱི་བི་ན་ཡ་ཀ་བསྣོལ་བའི་བར་ལ། དང་པོར་དཔེ་ཤོག་དྲངས། དེ་ནས་དར་ཁ་ལོངས་འདྲེན་ཐུབ་པ་གཟིགས་ལམ་དུ་བབས། དེ་ནས་སྐབས་ཤིག་ཆོས་རྗེ་རིན་པོ་ཆེ་གནས་དེར་ཞབས་ཅུང་ཟད་འདྲེད་པ་ལ་རྡོའི་ཟུར་གྱིས་རྨ་ཕྲ་མོ་ཞིག་བྱུང་བ་དངས་པ་འགོར་པོ་བྱུང་དུས་ཡིད་ལ་ཐོགས་མེད་དུ་ཛོ་ཀི་རས་ཐོད་བཅིངས་པ་ཞིག་བྱུང་བར་ཟས་སྐོམ་གནང༌།