R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༨༡
[A:༢༨༡] ཞབས་ཀྱི་རྨ་བསྟན་ནས་འདི་ལ་ཕན་པའི་ཐབས་གྱིས་ཤིག་པའི་སྐད་ནི་མི་གོ་བ་ལྟར་བྱེད་ཀྱི་འདུག །ཕྱག་བརྡ་མཛད་པས་རས་ཀྱི་ཨངྒའི་གསེབ་ནས་སྨན་ཞིག་བཏོན་ནས་རྨ་ལ་སྦྱར། དར་རས་དཀྲིས་ནས་ལངས་སོང༌། རྗེས་ནི་མ་བསྙེགས། ཞག་གསུམ་ཙམ་སོང་ནས་དཀྲིས་མ་བཀྲོས་བས་སྨེན་པ་ཡང་མེད་པར་སོང་འདུག །དེ་ནས་རིན་ཆེན་གླིང་དུ་ཕེབས་ཏེ། རེ་ཞིག་ན་བསྙེན་མཚམས་གནང་བ་ལ་དམིགས་པའི་གཟིམས་ཆུང་མདོ་ཕུགས་ཅུང་ཟད་དབེན་པ་ཞིག་གསར་དུ་གྲུབ་པའི་སྐབས། སླར་རྗེ་ཚར་ཆེན་སྟོད་ལུང་པ་ར་བའི་སར་སྐོར་ཅིག་ཕེབས་ཞིང་རིན་ཅེན་གླིང་དུ་ཕེབས། རེ་ཞིག་ན་གཟིམས་ཆུང་གསར་པ་དེར་ཡོལ་བའི་གྲྭ་པ་གཞོན་པ་ཐོགས་ཅིག་ལ་ཀྱེ་རྡོར་གྱི་རྒྱུ་དབང་གནང༌། ཞག་གསུམ་བཞུགས་ནས་རི་གོང་ལ་ཐེགས། དེར་བཞུགས་ཞག་བཅགས་མ་ཞིག་གནང་བའི་བར་ལ་ཞབས་ཏོག་འབུལ་ནོད་བཟང་པོ་མཛད། དེ་ནས་བླ་མ་དམ་པ་སྙུག་ལར་ཕེབས་ཞག་འགའ་བཀའ་རྗེས་གནང་འགའ་ཞིག་གནང་བ་དང་བཅས་བཞུགས། སྤྱན་འདྲེན་དོས་དྲག་པས་སྙུག་ལ་ནས་པ་རར་མྱུར་སྟབས་ཐེགས་པའི་སར་ཡང་ཡོལ་ནས་ཕོ་ཉ་མངགས་ཏེ། སྤྱིར་རྡོ་རྗེ་ཐེག་པའི་ཟབ་གནད་མཐའ་དག་འགྲོལ་བ་དང༌། ཁྱད་པར་ས་སྐྱའི་གསང་སྔགས་ཀྱི་གདམས་པ་སྙན་བརྒྱུད་དུ་བཞུགས་པའི་ཟབ་ཡངས་རྒྱ་མཚོ་ལྟ་བུ་ལས་བརྩམས་ཏེ་ཐུགས་སྤོབས་བསྐྱེད་ནས་ཞུ་བ་དང༌། ཁྱད་པར་ནཱ་རོ་མཁའ་སྤྱོད་ཀྱི་སློབ་བཤད་ཟབ་ཁྲིད་ལ་ཆེད་དུ་གཏད་ནས་ཕུར་ཚུགས་མ་གསོལ་བས་རྗེའི་བཀའ་ལུང་ལ་ངེད་ཀྱང་དབུས་སུ་ཡུན་རིང་པོ་སྡོད་ལོང་མེད་པ་དང༌། མགྱོགས་པར་ཡོང༌། ཁྱེད་རང་དཔོན་སློབ་ཀྱང་འདར་གྲང་མོ་ཆེ་ལ་