[A:༢༨༢]བསྙེགས་ནས་ཕེབས་མཛོད། སྐུ་ཆས་ཀྱང་སྟབས་བདེ་བ་ཡོང་གསུང་བ་ཕེབས། རྗེ་ཚར་པ་ལོ་དེ་ནང་དུ་སྲིན་པོ་རི་ལ་བརྒྱུད་གོང་དཀར་རྡོ་རྗེ་གདན་དུ་ཡུད་ཙམ་ཕེབས་ནས་གཙང་ལ་ཐེགས། རིན་ཅེན་གླིང་དུ་དཔོན་སློབ་ཀྱི་སྐུ་ཆས་གྲབས་ཤོམས་གནང་གྲ་པ་གཞོན་པ་ཉུང་ཧྲགས་སྐྱེད་ཚལ་དུ་སློབ་གཉེར་ལ་བརྫངས། ཡོལ་གྱི་གཞིས་བཞུགས་ལ་དབོན་རིན་པོ་ཆེས་རྩིས་ལེན་མཛད། དེ་ནས་དཔོན་སློབ་བཅུ་ཙམ་ཞབས་ཐང་མཛད། རོང་ཆུང་བརྒྱུད་ཕེབས་པས། ཡར་ལམ་འབྲས་ཡུལ་སྐྱེད་ཚལ་དུ་བར་ཞག་མཛད། གནས་མཇལ་གནང༌། དེ་ནས་རིན་སྤུངས་སུ་ཕེབས་པས། གཞིས་ཀ་རྩེ་ན་རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་བཞུགས་པའི་དྲུང་དུ་མཇལ་ཁ་ལ་ཕེབས་པའི་ནུབ། རྗེ་བཙུན་རིན་པོ་ཆེས་ལྗང་སེར་གྱི་མཆོད་ཀོང་ལེགས་པོ་ཞིག་ཏུ་དཀར་མེ་སྤར་ནས་འདི་ཕྱག་རང་དུ་གཏོད། ཀུང་འདི་སྣོམས་གསུངས། སྦྲང་བཤད་ཀ་ཊོ་ར་གང་དང་བཅས་པ་གནང་བ། གཞིས་ཀ་ཁྲ་མ་པའི་ཤག་ཏུ་བཞུགས་འཚེར་ལ་བསྐྱལ། ཞག་བཅུ་སྐོར་གྱི་བར་ཉིན་རེ་བཞིན་གཞིས་ཀ་རྩེར་རྗེ་རིན་པོ་ཆེའི་སྐུ་མདུན་དུ་ཕེབས། དེ་ནས་ནུབ་ཆོས་ལུང་ནས་མཁན་ཆེན་དབང་པོ་བས་རྗེ་བཙུན་དམ་པ་སྤྱན་དྲངས་པའི་སར་ཕྱགས་ཕྱི་ལ་ཕེབས། ཞག་གསུམ་བཞུགས་པ་གནང༌། ཆོས་ལུང་ན་རྗེ་མཁྱེན་བརྩེའི་དབང་ཕྱུག་ཀྱང་བཞུགས་འདུག་པ་མཇལ་བས་གཞིས་ལེན་དང་ངོར་ཚུན་གྱི་ཆིབས་སྐྱེལ་གཏོང་བ་གནང༌། དེ་ནས་ཆུ་ལྷོ་ཁར་བཏོན། པ་རྣམ་ཕྱོགས་ལ་ཕེབས། དགའ་བ་གདོང་དུ་བྱམས་པ་མཇལ་ནས་ཞ་ལུར་མཆོད་མཇལ་ལ་ཐེགས་པ་ནས། ལྷུན་པོ་རྫོང་ཕྱོགས་ལ་བྱས་ངོར་དུ་ཕེབས། མཁན་ཟུར་གཉིས་ཀ་དང་དེ་སྔོན་ནས་དབུས་ཕྱོགས་སུ་གསུང་འདྲིས་ཡོད་པས་གཞིས་ལེན་