R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༨༣
[A:༢༨༣]ལེགས་པར་གནང༌། ཞག་ཁ་ཤས་ཀྱང་བཞུགས་ཆོས་བཀའ་ཕྲ་མོ་མང་པོ་གསན། དེར་གསོལ་ཇ་འཁྲོལ་ཆེ་བའི་བསྒྲུབ་མདའ་སྤུས་བསྒྱུར་འགྲུབ་བྱུང་མཚམས་འགྲུལ་བཏེག་སྟེ། ངོར་བླ་བྲང་གི་གཟིམས་དྲེལ་གཡར་པོ་ཁ་ཤས་ཡོད་པས་གཅིག་གི་ཁལ་རྣམས་ཕྱག་གཡོག་པ་རྣམས་ཀྱི་རྒྱབ་ཁུར་དུ་བསིལ། དྲེལ་ལ་ཞབས་སྲོང་མཛད། ཡར་ལམ་ས་སྐྱར་ཕེབས། སྒོ་རུམ། དབུ་རྩེ་རྙིང་མ། ཟུར་ཁང༌། བཞི་ཐོག་བླ་བྲང༌། ལྷ་ཁང་ཆེན་མོ། ཁའུ་སྐྱེད་ལྷས་རྣམས་ཀྱི་མཆོད་མཇལ་ལ་ཞག་ལྔ་བཞུགས། བདག་ཆེན་སྔགས་འཆང་ཆེན་མོ་མཇལ། འབུལ་ནོད་བཟང་པོ་མཛད། བཀའ་འབྲེལ་ཞུས། དེ་ནས་ཕེབས་གདོང་བདག་ཆེན་རིན་པོ་ཆེའི་གནང་སྦྱིན་ཁྲོད་དུ་དངུལ་ཕོར་བདུད་རྩི་རིལ་བུ་བསིལ་མ་མང་པོ་དང་བརྒྱ་རྡོ་གཅིག་གིས་ཕྱུར་བུར་གང་བ་ཡང་བྱུང༌། དེ་ནས་སང་སྔ་བར་བཏེག་སྟེ། འདར་གྲང་མོ་ཆེར་ཕེབས་པའི་སང་ཉིན་བླ་མ་དམ་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་གཟིམས་ཆུང་མདོའི་ཚོམས་ཆེན་དེར་མཇལ་དུས་ན་བཟའ་ཆ་ཚང༌། གསོལ་ཇ་སིག །དར་ཡུག་སྔོན་པོ་དང་དམར་པོ་རེ་མཇལ་དར་ལ་ཕུལ། བླ་མ་དམ་པས་ཀྱང་སྣ་ལེན་བཟང་པོ་མཛད། དེ་རྗེས་འདར་རྫོང་ནས་ཀྱང་གཞིས་ལེན་ཡང་ཡང་བཟབས། བཞུགས་ཡུལ་སྤྱིལ་པོ་བཀོད་ཤོམས་ལེགས་པོ་ཞིག་ཏུ་གཞི་ཕབ། ནཱ་རོ་མཁའ་སྤྱོད་ཀྱི་ཟབ་ཁྲིད་ལ་ཆེད་དུ་གཏད་ནས་གསོལ་བ་འདེབས་པ་གནང་བས། ཡར་ངོའི་ཚེས་བཅུ་ཞིག་གི་ནུབ་རྣལ་འབྱོར་མའི་བྱིན་རླབས་གནང་བའི་ཚོགས་འཁོར་ཡང་བླ་མ་དམ་པའི་ཕྱག་ནས་གནང༌། དབང་ཞུ་བ་བདུན་ཅུ་རྩ་གྲངས་ཙམ་ལ་སློབ་མ་ཉེར་ལྔའི་གྲངས་བཅད་ཀྱི་དབང་ཆ་གསུམ་དུ་བཅད་ནས་གནང༌། ཆོས་ཞུ་བ་མང་པོ་ལ་ཁྲིད་