R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༨༤
[A:༢༨༤]ཚུགས་ནས་ཞག་གསུམ་སོང་འཚམས་རྗེ་བླ་མ་འཕྲལ་དུ་སྐུ་ལྟེམ་པ་ལྟར་མཛད་དེ་སྐུ་མཚམས་གནང་བས་ཤིན་ཏུ་ཐུགས་མ་བདེ་ནའང༌། ཞག་གཉིས་སོང་དུས་ཡོལ་ནས་རྗེའི་དྲུང་སྐུ་གཞོགས་ལ་ཕེབས་གསུང་བ་བྱུང་དུས། འཕྲལ་དུ་ཐེགས་པས་སྐུ་རྐྱང་སྐུ་མཚམས་ཁོག་ཏུ་གནང། ཕྱག་ཕུལ་ནས་སྐུ་གཞོགས་སུ་ཇ་སྦྱོར་གཅིག་བཞུགས་པ་གནང་རིང༌། བཀའ་ལས་ད་ལྟ་ཆོས་ཞུ་བ་ཚང་མ་བསྡད་འདུག་གམ་གསུང་བ་ལ། ཕྱོགས་ནས་ཡོང་མཁན་རྣམས་གྱེས་འདི་ཁའི་རྒྱུན་པ་རྣམས་མིན་པ་མི་འདུག་ཞུས་པས། ཁ་སང་གི་ཁྲིད་ཞུ་བ་ཚོའི་གསེབ་ན་དམ་ཚིག་གི་ཉམས་གྲིབ་ཡོད་པར་འདུག་པས་རྨི་ལམ་དུ་ངེད་ཀྱི་ཨ་མ་དེ་སྤྱོད་ལམ་གྱི་ནང་ན་ཁ་བུབ་ནས་བསྡད་འདུག་པ་ལ་འདིར་མ་བཞུགས་ཅི་བྱུང་བ་ཡིན་སྐུ་ཁམས་ལྟེམ་པ་ནི་མིན་ནམ་བྱས། ལག་པ་ནས་བཟུང་བསླང་བས་དེའི་ངག་ནས་མི་རྣམས་ཀྱང་སྙིང་ཁྲག་རང་སྐྱུག་པར་འདུག་པས་ང་ཡང་སྙིང་ཁྲག་སྐྱུག་ཅིང་བསྡད་པ་ཡིན་ཟེར་བ་ཞིག་བྱུང་བས་རེ་ཞིག་ཆོས་འཕྲོ་འཇོག་དགོས་པ་བྱུང༌། ད་དུང་འགོལ་བར་བྱས་ཉུང་བསྡུས་ཤིག་ལ་བྱེད་དགོས་པ་འདུག་གསུངས་དེ་ཀ་བཞིན་ཁྲིད་བཀའ་ཞག་ཉི་ཤུ་རྩ་གྲངས་ལ་རྫོགས་པ་གནང༌། དེ་དུས་བྱང་ཁོག་གི་དཔལ་ལྡིངས་ཆོས་མཛད་མ་ཟེར་བ་ཞིག་ཁྲིད་ལ་ཡོད་པ་བཅུད་ལེན་གྱི་དཀའ་ཐུབ་དང༌། ཐུགས་དམ་གྱི་ཚུགས་བཟང་བར་བྱེད་པ་ཞིག་ཡོད་པས། སྐབས་ཤིག་དེའི་གསུང་འཕྲོས་བྱུང་དུས་རྗེ་ཚར་པས་གསུང་ལས། བག་མེད་དང་ལོག་འཚོ་ལ་འཛེམ་དགོས་ནའང༌། གསང་སྔགས་ལ་འདོད་ཡོན་ལམ་དུ་བྱེད་པའི་དོན་མ་གོ་བར། རབ་ཏུ་དམྱལ་བ། འབྲིང་ཡི་དྭགས། ཐ་མ་དུད་འགྲོ་ཙམ་ཞིག་ཐོབ་འདོད་ཀྱི་དཀའ་ཐུབ་རང་དགོས་པ་ཆུང་གསུང༌། དེ་དུས་རྗེ་ཡོལ་པའི་དགོངས་ཡུལ་དུ་ལམ་གཞན་གྱི་སྤྲོས་པ་