R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༨༦
[A:༢༨༦]བླངས་པས་ཆོག་པ་བསོད་ནམས་ཆེ་བ་ཡིན་པས། རྗེའི་དྲུང་ལའང་གསུང་ལེགས་པོ་འདུག །ཕྱགས་ཕྱི་བ་དབུ་མཛད་ལའང་སྐད་ལེགས་པོ་འདུག་པས་དབྱངས་ལ་ཐུགས་རྩོལ་མཛོད་གསུང། གཟའ་སྐར་ལེགས་པོ་ཞིག་ལ་གྲང་མོ་ཆེའི་གྲ་པ་ཕལ་ཆེར་དང་བཅས་པའི་དབུས་སུ། ཆོས་ཁྲི་ཞིག་གི་ཁར་རྗེ་ཚར་ཆེན་ཕེབས། སྐུ་མདུན་དང་ཉེ་སར་ཡོལ་ནས་དཔོན་སློབ་བཞུགས་སུ་བཅུག །ཐོག་མར་འཕྲིན་ལས་བསྐུལ་བའི་ཕྱིར། བདག་ཆེན་རྡོ་རྗེ་འཆང་དང༌། རིན་པོ་ཆེ་རྡོ་རིངས་པའི་སྐུ་བསྟོད་ཚར་ཉི་ཤུ་རྩ་གཅིག་རེ་གནང་དེ་ནས་ཚིག་བཀྲ་ལེགས་ཕྱིར་སྲིད་ཞིའི་དཔལ་འབྱོར་མའི་དབྱངས་ནས་བརྩམས། སྟག་མོའི་ངུར་དབྱངས་སོགས་དབྱངས་ཆེན་རྣམས་ལ་བྱུང་ཁུངས། ལོ་ཆེན་རིན་བཟང་གི་དུས་ཀྱི་ལོ་རྒྱུས་དང༌། བླ་མ་གནམ་ཁའུ་པ་ལ་དཔལ་མགོན་གྱི་དབྱངས་ལུང་བསྟན་པའི་ལོ་རྒྱུས་རྣམས་གསལ་བཏབ་ནས་གསུང་དབྱངས་ཀྱི་ལྗགས་སྤོད་འཁྲིད་མཁས་པ་ནན་ཆགས་སུ་མཛད་སྐབས་བླ་མའི་བཀའ་ལས། དཔལ་ལྡན་ལྷ་མོའི་བསྟོད་དབྱངས་ཏིལ་མར་མ་ལ་དབྱངས་ཀྱི་ནན་ཏན་བྱས་ན་སྐད་ཀྱི་དངོས་གྲུབ་སྟེར་བ་ཡིན་གསུང་བ་བཞིན། སློབ་མ་དམ་པ་རྣམས་ཀྱིས་ཀྱང་མཛིན་སྐྱོང་གི་དབྱངས་བཅགས་ཉིན་མཚན་དུ་མཛད་པས་ཐམས་ཅད་ཀྱང་དབྱངས་གྲ་ཤིན་ཏུ་ལེགས་པ་བྱུང་བས་ས་སྐྱའི་ཤར་དབྱངས་བདག་ཆེན་བློ་གྲོས་པ་ནས་བརྒྱུད་པ་ལ་ཚར་ལུགས་ཀྱི་མཚན་ཐོགས་ཏེ་གྲགས་པར་གྱུར་ཏོ། །དེ་ནས་འདར་རྫོང་ནས་སྐུ་རིམ་གློ་བུར་མའི་བསྐང་གསོ་བརྒྱ་རྩ་ཞིག་གནང་བ་དེ་ཡོལ་ནས་དཔོན་སློབ་སྒེར་གྱི་གཏོང་དུ་འཇུག་པ་གནང་དུས། སྡེ་པས་ཞབས་ཏོག་དང་ཚོགས་འཁོར་བཟང་པོ་ནུབ་རེ་བཞིན་མཛད། དེ་ནས་རིམ་གྱིས་དཔལ་གུར་གྱི་ཆོས་སྐོར། དགྱེས་པ་རྡོ་རྗེའི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་