R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༨༨
[A:༢༨༨]སྙན་བརྒྱུད་དུ་བཞུགས་པ་རྣམས། དམ་པས་ཤོག་དྲིལ་ཉི་ཤུ་རྩ་གཅིག་ཏུ་བཀོད་པའི་ནང་ནས། གཞན་གྱི་རིག་སྔགས་རྦོད་གཏོང་བཟློག་པའི་ཡི་གེར་མཚན་གསོལ་བའི་རྩ་ཚིག་ལ་བརྟེན་ནས་བསྐྱེད་རིམ་སྲུང་འཁོར་བྲག་རྫོང་མའི་ཁྲིད་རྒྱས་པ། ནང་ཁྲིད་དང་གསང་ཁྲིད་ཐུན་མོང་མ་ཡིན་པའི་ཆོས་སྐོར་རྣམས་ལ་བསྐྱེད་རྫོགས་ཟུང་འབྲེལ་གྱི་ལམ། གཞི་ལམ་འབྲས་བུའི་ཟབ་ཁྱད་ཀྱི་ངོ་སྤྲད་པའི་མངོན་སྤྱོད་སོགས་འཕྲིན་ལས་ཆེན་པོ་བཞིའི་ཉིན་སྒོས་མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཏུ་འགྱུར་བའི་བསྙེན་སྒྲུབ་ལས་གསུམ་བསྲུང་བཟློག་བསད་གསུམ་གྱི་བསྡུས་པ་རྣམས་ལ་ཐུན་མོང་དུ་ཟབ་པའི་གནད་ལྔ་དང༌། ཁྱད་པར་གྱི་མན་ངག་གི་ལྡེ་ཁ་གདགས་པ་རྣམས་ཕྱི་ནང་གི་སྒྲུབ་སྐོར་བསྐྱེད་རྫོགས་སོ་སོར་སྦྱོར་ཚུལ་དང་བཅས་པ་ལ་ཉམས་ཁྲིད་སྐྱཽང་བ་མཛད་པས། གཞུང་དང་མཐུན་པའི་རྟགས་འཕྲལ་དུ་ཡིད་ཆེས་ཀྱི་མཚན་མ་དང་བཅས་པ་བྱུང༌། བདག་ཆེན་རྡོ་རྗེ་འཆང་གི་མགོན་པོའི་རྒྱུད་དང་རྒྱ་བོད་ཀྱི་སྒྲུབ་གཞུང་སྔ་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཀར་ཆག་དང་བཅས་པ་ལ་གུར་པོད་མེ་འབར་མར་གྲགས་པའི་ལུང༌། དེའི་དཀའ་གནས་སྦས་པ་རྣམས་གསལ་བྱེད། སྙན་བརྒྱུད་ཀྱི་ཟིན་ཐུན་དང༌། ལྷན་ཐབས་ལས་ཁྲིད་བཀའ་རྒྱ་ཅན་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་རྗེ་ཚར་པས་དཀར་ཆག་མཛད་པའི་སྙན་བརྒྱུད་པོ་ཏི། ས་ལུགས་གྲགས་ཆེ་ཆུང་སོ་སོའི་ཁུངས་ཐུབ་ཀྱི་ཡིག་ཆ་སྤྱི་ཁྱབ་ཏུ་ཉེར་མཁོ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ། ཁ་སྐོང་པོ་ཏི་དཀར་ཆག་དང་བཅས་པ། མགོན་པོ་གྱི་ལྗང་ལུགས་ཀྱི་ཆོས་སྐཽར་དཀར་ཆག་དང་བཅས་པ་བརྒྱུད་པ་འདིར་བཀའ་བབས་ཀྱི་ཆུ་བོ་