[A:༢༨༩]བཞི་འདུས་པའི་གུར་པོད་རྣམས་ཀྱི་ལུང་ཕོག །སྣོད་མིན་ལ་གསང་ཞིང་སྣོད་ལྡན་ལ་སྤེལ་བའི་བཀའ་བསྒོ་དམ་བཞག་དང་བཅས་པ་གནང་བས་གདམས་ངག་གི་སར་ག་མ་ལོག །དུས་དེ་ཉིད་སྔ་ཕྱིར་བླ་མ་དམ་པ་ལ་བསྙེན་བཀུར་འབུལ་ནོད་རང་རེའི་ཕྱག་ན་ཅི་ཡོད་ཀྱིས་ཟོལ་མེད་དུ་མཉེས་པར་མཛད་པ་སོགས། རང་རྐྱེན་དང་གཞན་རྐྱེན་ལ་ལྟོས་པའི་སྙན་བརྒྱུད་བཞིའི་རྟེན་འབྲེལ་འགྲིག་གོ །དཔལ་ལྡན་ལྷ་མོ་འཇིགས་བྱེད་དུད་པའི་སོལ་བ་ཅན་གྱི་ཆོས་སྐོར་རྔོག་བསོད་ནམས་བསྟན་འཛིན་ལས་བརྒྱུད་པ་ཡང་གསན། དེ་ནས་སྐབས་ཤིག་བླ་མ་དཔོན་སློབ་ཐམས་ཅད་མང་མཁར་རྨུ་གཤོངས་དགེ་བའི་ཚལ་དུ་ཕེབས། དེའི་གཟིམས་ཁང་ན་ཆོས་སྐྱོང་འཁོར་བཅས་ཀྱི་རྟག་གཏོར་བཞུགས་པའི་རྩིག་རྨང་གྲུམས་ནས་རྟག་གཏོར་གཤེགས་གསོལ་དགོས་བྱུང་བས། དཔོན་སློབ་ཐམས་ཅད་ཀྱིས་བསྐང་གསོ་གཏོར་སྒྲུབ་རྒྱས་པར་གནང་སྟེ་གཤེགས་པའི་ཉིན་བར་སྤྲིན་ནག་ཆེན་པོ་མུན་པའི་མདོག་ལྟ་བུ་འཁྲིགས། འབྲུག་སྒྲ་ཆེན་པོ་སྒྲོག་བཞིན་པས་ཁད་ཉེ་བའི་རི་ལ་གནམ་ལྕགས་མེ་དཔུང་དང་བཅས་པ་ལྷུང་བའི་ཆོ་འཕྲུལ་འཇིགས་རུང་བྱུང་ནའང་བླ་མ་དམ་པ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་བཞུགས་པས་སུུ་ལའང་གནོད་པ་མ་བྱུང༌། དེ་ནས་མི་རིང་བར་བླ་མ་གཟིམས་ཁང་གི་ཞིག་གསོ་གནང་རིང། ཡོལ་ནས་དཔོན་སློབ་ཀྱི་བླ་ཆེན་འབྲོག་མིའི་དབེན་གནས་མུ་གུ་ལུང་གི་གཟིམས་ཕུག་རྣམས་མཇལ་བར་ཕེབས། གནས་འབྲེལ་ཞག་འགའ་ཟུང་མཛད་ནས་ཕྱིར་ཕེབས་པ་ན། རྗེ་ཚར་ཆེན་གྱིས་བཀའ་གནང་སྟེ། གྲང་མོ་ཆེའི་གནས་གཙང་གི་གཟིམས་སྤྱིལ་དུ་དཔལ་གུར་གྱི་