[A:༢༩༠]མགོན་པོའི་ཡི་གེ་བདུན་པའི་བསྙེན་པ་འབུམ་ཕྲག་བཅུ་དྲུག་གནང་དུས། གྲོལ་བར་ཉེ་བ་ན་འཇིགས་སྣང་ཆེན་པོ་ཡང་ཡང་ཡོད་པའི་སྐབས། ཐོག་འཚེག་པ་དང༌། ཆབ་བསེང་ལ་ཐེགས་དུས་མུན་པའི་ནང་དུ་ལྕགས་སྤྱང་སྔོན་པོ་ཞིག་འཁོར་མར་གཟིགས་སྣང་ཡོད་པ་དང༌། ཕྱག་གཡོག་པ་ཞིག་གཟིམས་ཆུང་དུ་རྒྱུ་འཕྲུལ་བྱེད་པ་ལའང་འཇིགས་སྣང་ཆེན་པོ་འཆར་བ་ཁོ་ན་བྱུང༌། བསྙེན་པ་གྲོལ་ནས་སྐུ་མདུན་དུ་ཞུ་བ་གནང་བས། སྐྱོན་རང་ནི་ཆེར་མི་འདུག་གསུང་བ་ཙམ་ལས་བཀའ་མི་གནང༌། དུས་གཞན་དུ་དཔལ་མགོན་ཞལ་གྱི་ཆོས་སྐོར་རྣམས་ལ་ཐུགས་འདུན་གྱི་གསོལ་བ་འདེབས་པ་གནང་བས། བསྙེན་སྒྲུབ་ལས་གསུམ་སོ་སོའི་རྗེས་གནང་གི་བཀའ་རིགས་མི་གཅིག་པ་མང་པོས་སྨིན་པར་མཛད་པ་དང་འགྲེལ་པར་གསང་ཁྲིད་ཡོངས་སུ་རྫོགས་པ་དང༌། དཀར་ཆག་རྗེ་ཚར་པ་རང་གིས་མཛད་པ་ལྟར་གྱི་པོ་ཏིའི་ལུང་དང་བཅས་པ་སོགས་ཀྱི་ཟབ་རྒྱས་མང་པོ་གནང༌། སྐབས་ཤིག་དམར་པོ་སྐོར་གསུམ་གྱི་དཀར་ཆག་དབང་སྡུད་པདྨ་རཱ་གའི་ཟ་མ་ཏོག་གི་ཁ་འབྱེད་གནད་ཀྱི་ལྡེ་མིག་གི་ནང་དུ་གསལ་བ་ལྟར་གྱི་བྱིན་རླབས་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཀའ་སོ་སོ་དང༌། དམར་ཆེན་སྐོར་གསུམ་དང༌། དམར་ཆུང་སྐོར་གསུམ་དང༌། ཚོགས་བདག་དཀར་པོ་ཆགས་པའི་རྡོ་རྗེ་རྣམས་ཀྱི་ཆོས་སྐོར་ཕྱོགས་གཅིག་ཏུ་བསྡུས་པའི་གླེགས་བམ་གྱི་ལུང༌། གསལ་བྱེད་ཀྱི་ཞལ་གདམས་ཟིན་བྲིས་སུ་འཁོད་པ་དང༌། མ་འཁོད་པའི་སྙན་བརྒྱུད། འཁོད་ལོ་རྣམས་ཀྱི་དཔེ་བྲིས་ཞུས་དག་ཅན། ཚོགས་བདག་གི་རང་སྲུང་འཁོར་ལོ་ལ། མ་ཕྱི་འཕགས་པ་རིན་པོ་ཆེའི་སྐུ་སྲུང༌། རྒྱལ་མཁར་རྩེ་པའི་ཕྱག་ན་ཡོད་པ་ལས་བཤུས་པ་