[A:༢༩༡]རྣམས་ཀྱང་དཔེ་འཁྱུད་མེད་པར་བསྩལ། ལོ་སྟར་བཞིན་དགུན་སྨད་གང་ཡིན་ལ་ཐོག་མར་གྲང་མོ་ཆེར་དཔོན་སློབ་རང་གི་སྐུ་རིམ་ལ་གཏོར་བཟློག་བསྒྲུབ་ཞག་བདུན་མ་རེ་དང་ཟླ་བ་སྔ་རྟིང་མཛད་པའི་རྟིང་མ་ལ་སྡེ་པའི་སྐུ་རིམ་གཏོར་བཟློག་རེ་གྲུབ་ནས། ལོ་གསར་འཕྲལ་ལོ་གཏོར་དང༌། རྒྱུན་གཏོར་བརྗེ་བའི་བསྐང་གསོ་བརྒྱ་རྩ། རྗེ་རྡོ་རིང་པའི་དུས་མཆོད་ནས་བཟུང་ཀྱེ་རྡོར་སྒྲུབ་མཆོད་ཞག་བདུན་རེ་གནང་བའི་ཕྱག་ཕྱི་རྣམས་ལ་ཕྱག་ལེན་དྭགས་ཐོན་པར་མཛད། དབྱར་སོས་ཤིག་མང་མཁར་ཆ་ལུང་དུ་དཔོན་སློབ་ཕྱོགས་མཐུན་ཕེབས་ཏེ། རྟ་མགྲིན་ཡང་གསང་ཁྲོས་པ་ལྷ་དགུའི་དབང་དང༌། རྟ་པོད་ཀྱི་ལུང༌། བཀའ་སྲུང་གནོད་སྦྱིན་ཆེན་པོ་ཟངས་ཀྱི་བེག་ཙེ་ལྕམ་དྲལ་འཁོར་རྐང་ཐང་ཅན་རྒྱས་པའི་རྗེས་གནང་དང༌། བཀའ་སྲུང་གི་ཆོས་སྐོར་ཐམས་ཅད་གབ་འཐོར་མེད་པར་བསྙེན་སྒྲུབ་ལས་གསུམ་གྱི་མཐའ་དང་བཅས་པའི་ཕྱག་བཞེས་མ་ཚང་བ་མེད་པའི་ཞལ་གདམས་དང་བཅས། གླེགས་བམ་གྱི་ལུང་དང་བཅས་པ་གནང༌། ཤིན་ཏུ་བཀའ་རྒྱ་དམ་པའི་ཟབ་ཆོས་ངེས་པར་གསང་འོས་རྣམས། གཟིམས་ཁང་ནས་སྐྱོ་སངས་ལ་ཐེགས་པ་ལྟར་མཛད་དེ་རྒྱང་རིང་པོའི་སྨན་ལྗོངས་དང་རི་སུལ་དག་ཏུ་གནང་ཞིང༌། ཟླ་བ་འགའ་ཟུང་བཞུགས། དེ་རྗེས་ཐུབ་བསྟན་དགེ་འཕེལ་གྱི་དགོན་པར་ཕེབས། བདེ་མཆོག་ནག་པོ་པའི་སྒྲུབ་མཆོད་གནང༌། དེར་གཙང་སྟོད་རབ་བརྟན་དཔལ་འབར་ཡང་རྗེ་ཚར་ཆེན་དྲུང་དུ་བསྙེགས་ཏེ་ཕེབས་ནས་གནས་དེར་ཡང་ཐུང་ཙམ་བཞུགས། སླར་དཔོན་སློབ་ཐམས་ཅད་ཕྱོགས་མཐུན་དུ་གྲང་མོ་ཆེར་ཕེབས་ཏེ། རེ་ཞིག་ན་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཀྱི་དབང༌། རྭ་ཁྲིད་མཁའ་འགྲོའི་སྙན་རྒྱུད།