R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༩༢
[A:༢༩༢] རྭ་པོད་ཀྱི་ལྗགས་ལུང་རྣམས་དང༌། སྐབས་སྦྱར་སྐུ་རིམ་ལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲུག་ཅུ་པ་ཤིན་ཏུ་འཕྲོད་པར་ཡོད་གསུང་འཛུགས་པ་གནང་གི་འདུག་པའི་ཕྱག་བཞེས་གཟིགས། བྲག་རམ་ཀ་བཞི་བ་བུ་དོང་ནས་ལྷོ་བརྒྱུད་ལ་ཐེགས་ལམ་ནས་འདར་རྫོང་དུ་སྤྱན་འདྲེན་མཛད། བཞུགས་ཡུལ་ལྟག་ལེབ་ཀྱི་གཟིམས་ཆུང་ན་ཡོད་པའི་དྲུང་དུ། ཡོལ་ནས་དཔོན་སློབ་ཚོས་མཇལ་ཁ་ལ་ཐེགས། གནོད་སྦྱིན་གྱི་རྗེས་གནང་ཞིག་དགོས་ཞུས་པས། ཞལ་ཀྱལ་དུ་བྱང་ཕྱོགས་ཀྱི་གནོད་སྦྱིན་རྣམ་ཐོས་སྲས་དེ་ནི་ང་དང་ལོ་མི་མཐུན། སྤར་ཁ་མི་མཐུན། སྨེ་བ་མི་མཐུན། གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན་ནི། ཁྱེད་རང་ཚོས་ཆོས་རྗེ་ཚར་པས་རྒྱལ་ཁམས་ཐམས་ཅད་ལ་ཕྱིན། མ་ཉན་དགུ་ཉན་པས་ཁོང་མཁས། ངས་རྗེས་གནང་མི་དགོས་གསུང་གི་འདུག་པ་ལ། སླར་ཡང་འདི་ནས་གནོད་སྦྱིན་བེག་ཙེའི་བཀའ་བབས་ཀྱི་འབྱུང་ཁུངས་ཡིན་འདུག་པས་ཅིས་ཀྱང་གནང་དགོས་ཞུས་པས། གནོད་སྦྱིན་བེག་ཙེའི་འབྱུང་ཁུངས་ང་མིན། སློབ་དཔོན་པདྨ་དང་གྲུབ་ཐོབ་འདར་ཕྱར་ཡིན་པ་འདུག །གང་ལྟར་རྗེས་གནང་དགོས་ན་གཏོར་མ་བཞེངས་ཤིག་གསུངས། གྲུབ་འཕྲལ་ཐུགས་དམ་བཙུགས་རྗེས་གནང་གི་དུས་གཏོར་མའི་བཀའ་བསྒོ་ལ་ཟུག་ནས་ལག་ཆུང་ཚོ་བཏེག་བགྱིས། འདི་འཇིག་རྟེན་དྲེགས་པའི་ཚུལ་འཛིན་པས་གཏོར་མ་མགོ་ཐོག་ཏུ་འཇོག་མི་ཉན་ལག་ཏུ་གཏོད་དགོས་གསུངས། དེ་ནས་གྲང་མོ་ཆེའི་བླ་བྲང་དུ་གདན་འདྲེན་བྱུང་འཕྲལ་ལ་ཕེབས། རྗེ་ཚར་པས་བསུ་བ་ལ་ཕེབས་ཏེ་གཟིགས་འཕྲལ་དུ་ཕྱག་འབུལ་གནང་བས། ཕེབས་ལམ་ནས་གསུང་ཆེན་པོ་གནང་སྟེ། ཕྱག་མ་འཚལ་བར་སྡོད་ཅིག་གསུང་མྱུར་བར་ཕེབས། ཕྱག་ལེན་གནང༌། ཇ་གྲལ་དང་གཞིས་ལེན། འབུལ་ནོད་མཛད་རེས་