R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༩༣
[A:༢༩༣]དང༌། ཞལ་བསྐུར་མང་པོ་གསུང་གི་འདུག །དེ་ནས་རྗེ་ཀ་བཞི་པ་ལྷོ་རྒྱུད་ལ་ཐེགས། ཡང་སྐབས་ཤིག་རྗེ་བཙུན་ཀུན་དགའ་གྲོལ་མཆོག་མང་མཁར་བདེ་གླིང་དུ་ཕེབས་ནས། བྱང་ཕོ་བྲང་པ་ལ་ཐེགས་རྒྱུའི་ལམ་ཞོར་ནས་རྨུ་གཤོངས་སུ་སྤྱན་འདྲེན་གནང་བའི་བཞུགས་ཞག་གཅིག་མཛད། རྗེ་ཚར་ཆེན་དཔོན་སློབ་ཚང་མས་མཇལ་བར་ཕེབས། བཀའ་མཆིད་ཞིབ་པར་མཛད་དུས། ཡོལ་ནས་དཔོན་སློབ་ལ་རྗེ་བཙུན་དམ་པའི་བཀའ་ཕེབས། དུང་ཇོ་བས་བྱང་གི་སྐུ་འབུམ་རྣམ་རྒྱལ་མཇལ་མྱོང་ངམ་གསུང་བ་ལ་ཞུ་ལན་དུ། ལགས་སྔར་མ་མཇལ་ཞབས་དྲུག་གི་ཕྱག་ཕྱི་བྱས་མཇལ་འདོད་ཡིན་ཞུས་པས། དེ་ཁ་ཡོང་ངེད་ཕོ་བྲང་དུ་སྡོད་རིང་བྱོན་བཀའ་ཕེབས་བྱུང་བས་ཕྱག་ཕྱིར་བསྙེགས་ཏེ་ཁྱུང་དཀར་གྱི་གྲུ་ལ་བྱས། ཕོ་བྲང་དུ་ཕེབས་རྗེ་བཙུན་རིན་པོ་ཆེ་དཔོན་སློབ་ཕོ་བྲང་གི་ཟུར་ལྕོགས་གཟིམས་ཆུང་ཞིག་ཏུ་བཞུགས་གསོལ་ཇ་ཐེངས་གཉིས་ཙམ་སོང་དུས་རྗེ་བཙུན་རང་གི་སྐུ་མཆེད་དཔོན་དྲུང་ཕན་བདེ་མཇལ་ཁ་ལ་བྱོན་བྱུང་བས། ཧོར་སིལ་ལེགས་པོ་ཤུབས་བཅས་ཤིག་ཕྱག་མཇལ་ལ་ཕུལ་གྲུབ་འཕྲལ། ཕྱག་ཏུ་བསྣམས་གཟིགས་ཀྱི་འདུག་པས། དབོན་དྲུང་གི་ལོ་རྒྱུས་འདྲ་ཞུས་ནས་སིལ་སྙན་འདི་ཕྱག་རང་དུ་ཚགས་གནང་བ་ཞུ་གསུང་བ་གནང་གི་འདུག་པ་ལ་སྐད་ཅིག་མ་རང་དུ་ཐུགས་འུར་ནས། ངའི་ནོར་ལ་ཁྱོད་ཀྱི་བཤད་པ་གསུང་བ་དང༌། ཕྱག་གཡོག་རྣམས་ལ་རྡོ་གཉིས་ལོང་ཤོག་གསུངས། བླངས་ནས་ཕུལ་བྱུང་བས་སིལ་སྙན་ཁ་སྤྲད་རྡོ་རྫོགས་ཀྱིས་ཆུད་ཟོས་ལ་བཏང་བྱང་བ་བདག་པོ་ལ། ད་ལྟ་དེ་ན་བལ་པོའི་བཟོ་བོ་ཡོད་འདུག་པས་ངའི་འཁྲིས་སུ་བཟོ་ཞིག་ལ་འཕྲལ་དུ་རྫོངས་གསུངས་པ་ལྟར་