[A:༢༩༤]སྐུ་གཞོགས་སུ་བྱུང་འཕྲལ་རྒྱུ་གཞན་དང་ཡང་བཅས་དབང་དྲིལ་ཉེར་ལྔ་ཆ་འགྲིག་གི་བཟོ་ཐབ་བཙུགས་སོང༌། དེའི་སང་ཡོལ་ནས་དཔོན་སློབ་སྐུ་གཞོགས་ན་ཡོད་ཐོག །བྱང་པ་བདག་པོའི་བཞུགས་གྲལ་ལ་ཕེབས་ཞུ་བ་བྱུང་དུས་རྗེའི་བཀའ་ལས་དེ་རིང་ཁོང་རྣམས་ལ་ཚ་བཞེས་འདིར་དྲོངས་གསུངས། མགྲོན་གཉེར་གྱིས་བཞུགས་གདན་རྒྱབ་ཟིན་ཞུ་ཡི་འདུག་པ་ལ་བཀའ་སྐྱོན་གནང་བས་མགྲོན་མཉེར་བྲོས་སོང༌། དེ་ཉིན་སྐུ་དྲུང་དུ་གསོལ་གདན་ཕྱག་ཕྱི་མཛད། དགོངས་ཇའི་ཐོག་བདག་པོ་ནམ་མཁའ་རིན་ཅེན་དང་བཞུགས་གྲལ་ཆེན་པོ་ཞིག་ལ་མཇལ། དེ་ནས་ངམ་རིང་ཆོས་སྡེའི་བྱམས་ཆེན་སོགས་ཀྱི་མཆོད་མཇལ་མཛད། ཆོས་སྡེའི་བྱང་ངོས་མཚོ་ཆེན་པོའི་ཕ་རོལ་གྱི་ངོས་འགྲམ་ན་རྗེ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་མྱ་ངན་ལས་འདས་ཚུལ་བསྟན་པའི་གནས། སྐུ་འབུམ་རྣམ་རྒྱལ་ནས་ས་སྐྱ་པ་ཆེན་པོའི་སྐུ་གདུང་བཞུ་བའི་ཐོག་གི་ངོས་སུ་དུ་རིས་འཁྱིལ་བ་ལ་བཅོམ་ལྡན་འདས་བདེ་མཆོག་གི་དཀྱིལ་འཁོར་རང་བྱོན་སོགས་རྟེན་གསུམ་མཆོད་ཚོགས་དང་བཅས་པ་མཇལ་བ་གནང་བས་ཐུགས་ཚིམ་སྟེ་རྗེའི་དྲུང་དུ་ཕྱག་ཕུལ་ནས་ཕྱིར་ཕེབས་ཏེ། འདར་གྲང་མོ་ཆེར་ལོ་དུས་ཀྱི་ཐུགས་དམ་སྒྲུབ་མཆོད་བསྐང་གསོ་གཏོར་ཆེན་རྣམས་གྲོལ། རྗེ་ཚར་ཆེན་སྐུ་མཚམས་ཞག་བདུན་པ་ཞིག་གནང་ཡོད་པ་གྲོལ་མཚམས་ཞ་ལུའི་ཆོས་གྲ་སྤྱི་སོ་ནས་དཔོན་སློབ་དང་ཚོང་འདུས་ཁྲི་ཁྱང་ནས་ཁྲི་དཔོན་གྲ་ལྔ་རྒྱལ་པོ་མཆོད་ཡོན་གྱི་ཞུ་བས་བུ་སྟོན་རིན་ཅེན་གྲུབ་སོགས་མཁས་གྲུབ་མང་པོའི་གདན་ས་མདོ་སྔགས་རིག་གནས་མཐའ་དག་གི་འཆད་སྲོལ་ཕྱག་ལེན་མང་པོའི་འབྱུང་ཁུངས་ཡིན་པས་ཞལ་ལུའི་ཁྲི་ཐོག་ཏུ་རྗེ་ཚར་ཆེན་གདན་འདྲེན་གྱི་ཕོ་ཉ་མངགས་པ་ལ་ཞལ་བཞེས་བཀའ་