[A:༢༩༥]གསལ་གྱི་མཐོངས་སུས་མ་ཕྱེད་པའི་སྐབས། གྲང་མོ་ཆེའི་གྲྭ་རྒན་བསམ་གཏན་པ་ཞིག་ན་རེ། ངའི་རྨི་ལམ་ན་རྗེའི་གཟིམས་ཁང་གི་ཐོག་ནས་ཁ་ཤར་དུ་བསྟན་པའི་དུང་དཀར་ཞིག་ལན་གསུམ་དུ་བུས་སོང་བ་བྱུང་བས། ད་ལམ་རང་ཐེགས་ནས་ལོ་གསུམ་མཁན་ཐོག་ཏུ་བཞུགས་པ་འདུག་ཟེར་བ་བཞིན། འགྱངས་མེད་དུ་ཞ་ལུ་བ་ཡོན་མཆོད་ཀྱི་སར་ཕེབས་པའི་ཞབས་ཕྱིར་ཡོལ་ནས་དཔོན་སློབ། གཙང་སྟོད་རབ་བརྟན་པ་སོགས་ཀྱང་ཕེབས། ཞ་ལུ་གསེར་བཀའ་ང་ཁྲ་མོར་ཕྱགས་ཕེབ། སྡེ་ཆེན་པོ་དེའི་སློབ་དཔོན་བགྲེས་གསུམ་ཐམས་ཅད་སྐུ་མདུན་དུ་ཕེབས། ལུགས་གཉིས་ཀྱི་བཀའ་མཆིད་མཛད་པ་དང༌། རི་ཕུག་གི་གཙུག་ལག་ཁང་དུ་ཕེབས་ཏེ་མཆོད་མཇལ། བུ་སྟོན་གྱི་རྒྱུད་སྡེ་བཞིའི་སྒྲུབ་མཆོད་མཛད་པའི་བུམ་ཆུའི་རྒྱུན་དང༌། བྱིན་རླབས་རྟེན་མང་པོ་མཇལ། དུས་འཁོར་དང་དཔལ་རྩེ་དབྱིངས་གསུམ་སོགས་རྒྱུད་སྡེ་གོང་འོག་གི་དཀྱིལ་ཆོག་གི་གྲ་ལོ་སྟར་གྱི་དུས་རིམ་ཆེན་མོ་ལ་རྣམ་སྲས་མཆོད་པ་ངོ་མཚར་གྱི་ལྟས་དང་བཅས་པའི་དུས་ཁྱད་པར་ཅན་ལ་དམ་ཅན་ལས་ཀྱི་གཤིན་རྗེའི་མ་ཧེ་མཆོད་པ་ལ་མཁན་པོ་གཞན་གྱི་དཔེར་མི་མཚོན་པའི་ཚར་ཆེན་རྡོ་རྗེ་འཆང་གི་བྱིན་རླབས་ཀྱི་ཟིལ་དང༌། དམ་ཅན་བྲན་དུ་འཁོལ་བས་ལྷ་མི་ཐམས་ཅད་དབང་དུ་འདུས་ཤིང་བཀའ་འོག་ཏུ་ནོན་པའི་གཟིགས་མོ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། ཁྱད་པར་རི་ཕུག་གི་ཆོས་གྲར་རྡོ་རྗེ་འཆང་ཚར་པ་ཆོས་རྗེས། གཞིས་བྱེས་ཀྱི་ཚོགས་པ་སྣོད་ལྡན་རགས་བསྡུས་བརྒྱ་ཟིན་ཙམ་ལ་གསུང་ངག་ལམ་འབྲས་རྒྱས་པར་སྩལ་བ་ནི། བདག་ཆེན་རྡོ་རྗེ་འཆང་ཡན་ཆོད་དུ་ཆིག་བརྒྱུད་རྣམས་ཁྲིད་ཀྱི་སློབ་བཤད་ཐུན་མོང་མ་ཡིན་པ་ཟླ་བ་ལྔའི་བར་དུ་ཉིན་རེ་